ཨ་རིས་རྒྱ་གར་ལ་མཁའ་དམག་གནམ་གྲུ་ ༢༤ བཙོང་རྒྱུ་བྱས།

རྒྱ་གར་རྒྱ་མཚོའི་ཁུལ་གྱི་རྒྱ་ནག་གི་དམག་ཤུགས་ལ་ཁ་གཏད་གཅོག་ཆེད་ཨ་རིས་རྒྱ་གར་ལ་མཁའ་དམག་གནམ་གྲུ་ ༢༤  ཚོང་གཏན་འཁེལ་ཡོད་འདུགའདས་ལོར་རྒྱ་གར་གཞུང་གིས་མཐུན་ཕྱོགས་རྒྱལ་ཁབ་ཨ་རིར་མཁའ་དམག་གནམ་གྲུ་ཁག་ཅིག་བཙོང་བའི་རེ་བ་ཞུས་པ་ལྟར། ཁ་སང་ཨ་རི་གཞུང་གིས་རྒྱ་གར་ལ་མཁའ་དམག་གནམ་གྲུ་ཁྱོན་ ༢༤ བཙོང་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། མཚོན་ཆ་ཉོ་ཚོང་གི་དམིགས་ཡུལ་ནི་རྒྱ་ནག་གིས་རྒྱ་གར་རྒྱ་མཚོའི་ནང་འཐབ་འཁྲུག་གྲུ་གཟིངས་འགྲེམས་འཇོག་བྱེད་ཀྱི་ཡོད་པར་ཁ་གཏད་གཅོག་ཐབས་དང་། ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་གོང་འཕེལ་བཏང་སྟེ། ལྷོ་ཨེ་ཤ་ཡའི་ས་ཁུལ་སྤྱི་དང་དམིགས་བསལ་རྒྱ་གར་གྱི་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཆབ་སྲིད་བརྟན་བརླིང་དང་། ཞི་བདེ། དེ་བཞིན། དཔལ་འབྱོར་གོང་འཕེལ་ཡོང་ཐབས་སོགས་ལ་དམིགས་པ་ཞིག་ཡིན་ལ། མཁའ་དམག་གནམ་གྲུ་དེ་དག་གི་རིན་གོང་ཁྱོན་ཨ་སྒོར་དུང་ཕྱུར་ ༢།༦ ཙམ་ཡིན་འདུག

ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཚོང་འདི་ནི་ཨ་རིའི་ཕྱི་སྲིད་དང་རྒྱལ་སྲིད་བདེ་འཇགས་ལ་རྒྱབ་སྐྱོར་ཆེད་དམིགས་པ་ཞིག་ཡིན་པས། ཨ་རི་དང་རྒྱ་གར་བར་གྱི་སྲིད་བྱུས་འབྲེལ་ལམ་གོང་མཐོར་བཏང་སྟེ་ཕྱོགས་གཉིས་ཀྱི་མཉམ་འབྲེལ་རྒྱལ་སྲུང་བདེ་འཇགས་ཇེ་ལེགས་སུ་གཏོང་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་། དེ་བཞིན་ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་ཁྱབ་ཁོངས་བདེ་སྲུང་མཉམ་འབྲེལ་ལས་ཁུངས་ཀྱིས། མཁའ་དམག་གནམ་གྲུ་འདི་དག་གིས་རྒྱ་གར་ལ་མཚོ་ངོས་དང་མཚོ་གཏིང་གི་དམག་འཁྲུག་འགོག་ནུས་པ་མ་ཟད། གནམ་གྲུ་འདི་དག་ལ་འཚོལ་ཞིབ་དང་སྲུང་སྐྱོབ། དེ་བཞིན། འབྲེལ་མཐུད་སོགས་ཀྱི་ཁྱད་ཆོས་ཀྱང་ཡོད་པས། རྒྱ་གར་གཞུང་གིས་སོ་སོའི་ལུང་པར་འཇིགས་སྐུལ་ཐེབས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་སོགས་ཀྱི་ཆེད་བེད་སྤྱོད་གཏང་ཆོག་གི་ཡོད། ཅེས་བརྗོད་འདུག

འཛམ་གླིང་དམག་ཆེན་སྐབས་ནས་བཟུང་རྒྱ་གར་དང་ཨ་རིའི་འབྲེལ་ལམ་ཞན་པོ་ཆགས་ཡོད་ཀྱང་།  ད་ལྟ་ཨ་རི་དང་རྒྱ་གར་གཉིས་འཛམ་གླིང་གི་དམངས་གཙོ་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་པ་མ་ཟད། ཕྱོགས་གཉིས་ལ་རྒྱ་ནག་གི་ཤུགས་རྐྱེན་དང་ཁ་ཆེའི་འཇིགས་སྐུལ་སོགས་ཀྱི་ཐོག་ཐུན་མོང་གི་ལངས་ཕྱོགས་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཨ་རིས་རྒྱ་གར་གཞུང་ལ་རྒྱལ་སྲུང་མ་ལག་ལྡན་པའི་མཚོན་ཆ་གཉིས་ལ་ཨ་སྒོར་ས་ཡ་ ༡༩༠ བྱས་ནས་བཙོངས་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་རྒྱ་གར་གཞུང་གིས་འབྱུང་འགྱུར་ལོ་ ༡༠ ནང་ཨ་སྒོར་དུང་ཕྱུར་ ༡༠༠ གཏང་སྟེ། རྒྱལ་སྲུང་བདེ་འཇགས་དང་འབྲེལ་བའི་མཚོན་ཆ་ཉོ་ཚོང་བྱ་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་པ་དང་བསྟུན། སྐབས་དེར་སྲིད་འཛིན་ཨོ་བྷ་མས་རྒྱ་གར་གཞུང་ལ་ཨ་སྒོར་དུང་ཕྱུར་ ༥ ཡི་དམག་དོན་དང་འབྲེལ་བའི་ཚད་མཐོའི་འཕྲུལ་རིག་མཚོན་ཆ་བཙོངས་ཡོད་པ་རེད། རྒྱ་གར་གྱི་འཕྲུལ་རིག་མཚོན་ཆ་ཉོ་ཡུལ་ཨི་ཛི་རལ་དང་ཨུ་རུ་སུ་ཡིན་པ་དང་། ད་ལྟ་ཨ་རི་ལའང་ཚོང་འབྲེལ་འཛིན་གྱི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༤/༠༤

Leave a Reply