འཐོམ་ཞྭ་ནག་པོ་རྒྱང་ལ་བསྐྱུར། 

 ལྷ་རུའི་བུ། ལ་དྭགས།

ང་ནི་བོད་རིགས་ཤིག་ཡིན། ད་ལྟ་བོད་ཕྱི་ཕྱོགས་ལ་ཡོད། སྒེར་གྱི་ལུས་སེམས་ཀྱི་ངལ་རྩོལ་ལ་བརྟེན་ནས་འཚོ་བར་རོལ་བཞིན་གནས། ནམ་རྒྱུན་དུས་གཏོང་སྐབས་ཁ་པར་བླངས་ནས་དྲྭ་ཉུལ་བྱེད་པའི་གོམས་གཤིས་ཡོད། རྟག་ཏུ་བོད་དང་རྒྱལ་སྤྱི། རྡ་རམ་སའི་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་གནས་ཚུལ། ལྷག་དོན་གཞིས་བཞུགས་སྤུན་ཟླས་སྙན་མོ་ངག་གིས་གྱེར་བའི་སྙན་ངག་དང་གླུ་གར། ད་དུང་རྒྱ་ནག་གཞུང་ཕྱོགས་ཀྱིས་གཉེར་བའི་བོད་ལྗོངས་བརྙན་འཕྲིན་དང་རླུང་འཕྲིན་སོགས་ལ་ཡང་ནས་བསྐྱར་དུ་ལྟ་ཀློག་ཉན་གསུམ་བྱེད་ཀྱི་ཡོད།  ད་ལ་ཐུག་གི་བར་སེམས་བསམ་པའི་གཏིང་ནས་རྒྱ་ནག་དང་བོད་གཉིས་ལོ་རྒྱུས་ཀྱི་འབྱུང་བའི་ནང་ཕན་ཚུན་མཛའ་གཅུགས་འོ་ཆུ་མཉམ་འདྲེས་ལྟར་གནས་པའི་ཉི་གཞོན་སླར་ཡང་ས་སྒང་འདིར་ཤར་ནས། མི་རིགས་གཉི་ཀ་ཕུ་ནུ་མིང་སྲིང་བཞིན་དགའ་སྤྲོའི་དཔལ་ལ་ལོངས་སྤྱོད་འཐུབ་ན་ཅི་མ་རུང་སྙམ་པ་བློའི་ཡོལ་སྒོ་ནས་ནམ་ཡང་ཡལ་མྱོང་མེད་ཅེས་བཤད་ན་རྫུན་གཏམ་ལ་མི་འགྲོ་བ་རང་གིས་རང་ལ་གདེང་སྤོབས་ཡོད།

འོན་ཀྱང་ཉེ་ཆར་སྤྱི་ཟླ་༠༣ཚེས་༡༥ནས་བོད་ལྗོངས་རླུང་འཕྲིན་གྱིས་ཆེད་གཉེར་བྱས་ཏེ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པའི་དཔྱད་བརྗོད་< བོད་རང་བཙན་གྱི་ལྐོག་གཡོ་གཤོམ་མཁན་ཁ་ཕྲལ་རིང་ལུགས་ཀྱི་ཆབ་སྲིད་འགོ་གཙོ།>ཞེས་བཀོད་པའི་ནང་། ༸རྒྱལ་བ་ཐམས་ཅད་མཁྱེན་པའི་མཛད་པར་ལོག་བཤད་བློ་ཡུལ་ལས་འགོངས་པའི་རྫུན་གཏམ་སྲིད་བུར་བརྒྱུས་ནས་མུ་འབྲེལ་དཔྱད་གཏམ་རྫུན་མ་ཤར་གཏོང་བྱེད་ཀྱི་འདུག  བདག་གིས་དཔྱད་གཏམ་རྫུན་མ་ཁག་བཞི་ལ་གཟུ་བོ་བློས་གཟབ་ནན་གྱིས་ཉན་པའི་ཚེ། རྒྱ་ནག་གཞུང་གིས་གཞིས་བཞུགས་བོད་རིགས་སྤུན་ཟླའི་བསམ་བློའི་ནང་ལོག་རྟོག་གི་དུག་ཆང་ཧུར་བརྩོན་ཆེན་པོས་བླུད་ཀྱིན་ཡོད་པའི་ཚོར་འདུའི་རྦ་ཀློང་སེམས་ནས་འཕྱུར།  དེ་མཚུངས་བོད་ལྗོངས་བརྙན་འཕྲིན་གྱི་ནང་ལའང་བོད་ཞི་བའི་དམངས་གཙོའི་བཅོས་སྒྱུར་དང་ཞིང་བྲན་ཁྲི་ཚོ་མང་པོ་བཅིངས་གྲོལ་བཏང་ནས་མི་ལོ་དྲུག་ཅུའི་དྲན་གསོ་དང་། དམངས་ཀྱི་བདེ་སྐྱིད་སོགས་ལེ་ཚན་བཀོད་སྒྲིག་གིས་བོད་དང་རྒྱལ་སྤྱིའི་སྤྱི་ཚོགས་མགོ་བོ་རྨོངས་སུ་བཅུག་པའི་བྱེད་ངན་དག དྲ་བའི་འཕེལ་རྒྱས་ཀྱི་ཁེ་ཕན་སྤྱད་ནས་ས་གནམ་གཉིས་ལ་འུད་སྒྲོག་འཛད་མཐའ་མེད་པ་བྱེད་བཞིན་འདུག    སྤྱིར་དཔྱད་བརྗོད་དེ་དག་ནང་བཤད་པའི་སྐད་ཆ་ལ་གསར་བ་གང་ཡང་མི་འདུག གང་ཤོད་ཀྱིན་པའི་སྙིང་པོ་ཅི་ཡང་མ་མཆིས་པའི་མུ་ཅོར་གྱི་གཏམ་དེ་དག་ནི། འདས་པའི་ལོ་ངོ་ཧྲིལ་པོ་བཅུ་ཕྲག་དྲུག་རིང་མ་ཎི་བཞིན་བགྲངས་པའི་ཁུངས་མེད་གཏམ་གྱི་བརྗོད་བྱའི་རྒྱ་ལས་ཅུང་ཟད་ཙམ་ཡང་འདའ་ཐུབ་མི་འདུག དཔྱད་བརྗོད་ཀྱི་རིན་ཐང་ཏིལ་ཙམ་ཡང་མ་མཆིས་པའི་གཡོ་ཧམ་དྲིལ་སྒྲོག་དང་ཐ་ཤལ་གྱི་བྱ་སྤྱོད་འདིས། གུང་ཁྲན་ཏང་གིས་བོད་ཐོག་འཛིན་པའི་སྤྱོད་ངན་གྱི་བཞིན་རས་ངོ་མ་ལྷང་ངེར་ཐང་ལ་བུད་ཡོད་པ་མ་ཟད། རྒྱལ་སྤྱིའི་གར་སྟེགས་ཀྱི་སྟེང་ལ་རྒྱ་ནག་གི་མཚན་མཐོང་ལ་རྒྱར་རྒྱ་ནག་རང་ཉིད་ཀྱིས་མངོན་སུམ་འཛེམས་མེད་ཀྱིས་གོད་ཆག་ཚབས་ཆེན་བཏང་ཡོད། མ་གཞི་བདག་གིས་དཔྱད་གཏམ་གྱི་སྐད་ཆ་ཡོངས་རྫོགས་ལ་ཐེངས་མང་ལྟ་ཉན་བྱས་ནས་ལེགས་ཆ་ལེན་ཐབས་ཀྱི་འབད་རྩོལ་བྱས་ཀྱང་། དེའི་ནང་གི་བརྗོད་བྱ་ནི་བྱེ་མའི་འཆང་བུ་བཞིན་སྙིང་པོ་མེད་པ་ཙམ་དུ་མ་ཟད། དྲང་བདེན་ཁུངས་བཙན་གྱི་གཞི་རྩ་རྦད་དེ་སྣང་རྒྱུ་མེད་པ། ད་དུང་དོན་དག་ལ་ལ་ཐེངས་གཅིག་ཙམ་མ་ཡིན་པར་ཐེངས་མང་བསྐྱར་ཟློས་ཡང་ཟློས་ཀྱིས་ཤོད་ཀྱིན་འདུག    དེས་ན་འབྱུང་འགྱུར་འདི་ལྟའི་ལས་ངན་གྱི་བག་ཆགས་སླར་ཡང་མི་གསོག་པའི་རེ་བའི་དོན་ཆེན་སྙིང་ལ་བཅངས་ཏེ། དཔྱད་རིན་ཅི་ཡང་མེད་པའི་དཔྱད་གཏམ་རྫུན་མའི་དོན་གནད་མགོ་མཇུག་ཐམས་ཅད་ལས་ལ་ལར་ལོག་སྨྲའི་རྣག་ཁུང་བརྟོལ་བའི་བསུན་འབྱིན་ཁབ་གཙག་གི་ངལ་བ་ཅུང་ཙམ་བསྟེན་པར་བྱའོ།།

རྩོམ་ཡིག་གི་ཐོག་མར་”ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་མཆོང་སྐྱོད་བྱས་པ་དང་། འགོ་འཛུགས་གསར་པར་སླེབས་པའི་རླབས་ཆེན་གྱི་ལོ་རྒྱུས་དུས་སྐབས་སུ་ང་ཚོས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་༦༠འཁོར་བར་བསུ་བ་ཞུ་བཞིན་ཡོད།” ཅེས་འཁོད་འདུག  ས་སྒང་འདིའི་སྟེང་གི་ལེགས་ཉེས་རྣམ་པར་འབྱེད་ཤེས་པའི་རྣམ་དཔྱོད་ཅན་གྱི་མིའི་རིགས་ལྟ་ཅི། སྲོག་ཆགས་གྲོག་འབུ་ཡན་ཆོད་ཀྱིས་ཀྱང་། རང་ལ་འཚེ་བའི་སྦྱོར་བ་རྩོམ་མཁན་གྱི་མི་དང་སྲིད་བྱུས་གང་ལའང་སྤྲོ་བ་ཆེན་པོས་བསུ་བ་སུས་ཀྱང་བྱེད་མི་སྲིད། ཕྱིན་ཟིན་པའི་བགྲང་བྱ་བཅུ་ཕྲག་དྲུག་གི་རིང་། བོད་མི་རིགས་ཀྱི་ལུས་ཐོག་ལ་མྱངས་པའི་སྡུག་བསྔལ་གྱི་རྣམ་གྲངས་ནི་སུས་ཀྱང་མྱངས་མྱོང་མེད། དུས་རབས་གོང་མའི་དུས་དཀྱིལ་ཙམ་ནས་བོད་སར་ཁྲག་དམར་པོའི་རྒྱ་མཚོ་བཀྱིལ། རུས་རྐང་དཀར་པོའི་རི་བོ་བརྩིགས། ཉེས་མེད་ཀྱི་ཉམ་ཆུང་བོད་མི་སྟོང་ཕྲག་མང་པོ་རང་ཡུལ་ལ་འདུག་བཟོད་མེད་པར་གྱུར་ནས་ཕྱི་ཡུལ་དུ་གྱར་དགོས་བྱུང་བ་རེད། ལར་ནས་ཁྱེད་ཚོར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་པ་ཟེར་བ་ཞིག་གང་ནའང་མེད།  སྤྱི་ཚོགས་རིང་ལུགས་ཀྱིས་རྩ་བའི་ཆབ་སྲིད་ཀྱི་ལྟ་གྲུབ་ནང་། འདྲ་མཉམ་དང་ཞིང་བྲན་གྱི་ཕལ་བའི་སྤྱི་ཚོགས་ལ་ལྟ་རྟོག་གང་ལེགས་ཀྱི་མཚོན། རང་དབང་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་རྩ་འཛིན་རྣམས་བོད་མི་རིགས་ཀྱི་སྟེང་ལ་ནམ་ཡང་ལག་བསྟར་བྱས་མྱོང་མེད། རིག་གནས་གསར་བརྗེའི་སྐབས་བོད་དུ་གཉའ་གནོན་བཤུ་གཞོག་མྱོང་མཁན་ཕལ་ཆེ་བ་མི་སེར་དཀྱུས་མ་ཆགས་ཡོད།
དེང་སང་རྒྱ་ནག་གཞུང་གིས་གནམ་ས་གཉིས་ནས་བོད་ཞི་བའི་བཅིངས་འགྲོལ་དང་། བོད་ལ་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ་༦༠འཁོར་བའི་དྲིལ་བསྒྲགས་ཀྱི་རྣམ་གྲངས་ཐམས་ཅད་ལས་ཐུན་མོང་དུ་མཐོང་ཐུབ་ནི། གཡོན་ཐལ་ཕྱོགས་ལྷུང་གི་ར་རིའི་འབག་བཙོག་ཡིད་ལ་དམ་པོར་བཟུང་ནས། ཕྱོགས་གཅིག་ཁོ་ནའི་འདོད་པ་འབའ་ཞིག་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་དེ་རེད། མདོར་ན་ང་ཚོ་བོད་མི་རིགས་ལ་མཚོན་ན། འདི་ལོ་ནི་མུན་ནག་དང་། དྲག་གནོན། རང་དབང་ཤོར་ནས་ལོ་ངོ་༦༠འཁོར་བའི་མྱ་ངན་དྲན་གསོའི་ལོ་ཞིག་ཡིན།

བརྩམས་ཆོས་ནང་། ” བོད་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་དགའ་བདེར་རོལ་བཞིན་ཡོད། འོན་ཀྱང་དུས་དེར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་སྐྱོ་མདངས་སྟོན་ཞིང་ཡིད་མུག་ནས་ཡོད།“ཅེས་བཀོད་ཡོད། བློ་ཆུང་བྱིས་པས་མ་བརྟག་པའི་སྐད་ཅོར་བརྒྱབས་པས་མི་ཕན། ཕྱི་ནང་གཉིས་ཀྱི་བོད་མིའི་བསམ་བློའི་ནང་། གུང་ཁྲན་ཏང་ལ་བརྩི་མཐོང་དང་གུས་བཀུར། ད་དུང་སེམས་ནས་དོན་དམ་གྱི་གོ་ས་ཞིག་ཐོབ་མྱོང་མེད། ཁྱེད་ཚོས་༸རྒྱལ་བ་ཐམས་ཅད་མཁྱེན་པར་གཞི་མེད་ཀྱི་ལོང་གཏམ་ལྕེ་བརྒྱ་སྤྲུལ་ནས་ལན་སྟོང་དུ་བཤད་ཀྱང་། བོད་མི་རིགས་ཀྱི་སེམས་ནང་༸རྒྱལ་བ་ཐམས་ཅད་མཁྱེན་པ་ནི། རི་བོ་ཇོ་མོ་གླང་མ་བཞིན་མ་ཉམས་གཟི་བརྗིད་ཀྱི་འོད་སྟོང་རབ་ཏུ་འཕྲོ་ནས་གནས་ཀྱི་རེད། སྤྱིར་ན་རང་རེའི་མི་རིགས་གཉིས་ལ་མཚོན་ན། ༸རྒྱལ་བ་ཐམས་ཅད་མཁྱེན་པ་ལས་ལྷག་པའི་ནོར་བུ་ཞིག་མེད། འཇིག་རྟེན་ཡོངས་ལ་༸རྒྱལ་བ་ཐམས་ཅད་མཁྱེན་པ་ནི། བོད་དང་རྒྱ་མི་གུང་ཁྲན་གཉིས་ཀྱི་དཀའ་རྙོག་སེལ་བའི་ལྡེ་མིག་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལས། བཀག་རྡོ་ཞིག་ལ་ནམ་ཡང་བརྗོད་མྱོང་མེད། དེས་ན་ཕྱོགས་ཞེན་གྱི་འདུ་ཤེས་རྒྱང་ལ་བསྐྱུར་ནས་གནས་ལུགས་འཚོལ་བའི་སྐད་ཆ་དང་། བདེན་དོན་སྲོག་ཤིང་ལ་བྱེད་པའི་ལས་དོན་བྱེད་པའི་གོམས་གཤིས་ཡང་དག་པ་ཞིག་ཆགས་རྒྱུར་འབད་པ་བསྟེན་ཐུབ་ན་མི་བཟང་ངམ།

ཡང་བརྩམས་ཆོས་དེའི་ནང་། “ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འགོ་གཙོ་རེད།“ཅེས་ཟེར།  དེ་ལ་འདི་ལྟར་བརྗོད་དོ། ༸རྒྱལ་བ་ཐམས་ཅད་མཁྱེན་པ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དགོང་ལོ་༡༦ལ་ཕེབས་སྐབས། བོད་ལྗོངས་ལྷ་མི་ཡོངས་ཀྱིས་གསོལ་བ་ཕུར་ཚུགས་སུ་འདེབས་འབྲས་ལྟར། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཕྱག་མཚན་འཁོར་ལོ་རྩིབས་བརྒྱད་བདག་གིར་བཞེས་གནང་པ་ཞིག་ལས། མི་མང་ཁྲི་ཕྲག་མང་པོར་གདུག་རྩུབ་དང་། མྱ་ངན་གྱི་གཅོང་རོང་ལ་བརྫངས་ནས་རང་ཉིད་དཔོན་སར་འཛེགས་པ་ཞིག་ནམ་ཡང་མིན། སྤྱིར་ན་སྤྱི་ཚོགས་རྙིང་པའི་དུས་སྐབས་སུ་བོད་ལ་བསམ་མེད་རྫོང་དཔོན་དང་སྐུ་དྲག་གི་རིགས་ནས་ཉམ་ཆུང་མི་མང་གི་སྟེང་ལ་བཤུ་གཞོག་དང་གཉའ་གནོན་གྱི་རིགས་དེ་འདྲ་བྱུང་མེད་པ་རྩ་ནས་མིན་ནའང་། རྒྱ་ནག་དང་རྒྱ་གར། དེང་སང་དཔལ་འབྱོར་གྱི་ཡང་རྩེར་སྙེག་བཞིན་པའི་ནུབ་ཕྱོགས་ཀྱི་ཡུལ་གྲུ་མང་པོའི་ནང་ལའང་། བོད་ལས་ལྡབ་གྲངས་དུ་མས་འཇིགས་དངངས་ཆེ་བ་དེ་འདྲ་བྱུང་ཡོད་པའི་འཛམ་གླིང་ལོ་རྒྱུས་ཀྱི་དེབ་ཐེར་ཁག་ན་མ་ཡལ་ལྷམ་མེར་གསལ་ཡོད། ད་དུང་བརྗོད་རྒྱུར། སྤྱི་ལོ་༡༩༥༤ལོར་༸རྒྱལ་བ་ཐམས་ཅད་མཁྱེན་པས་ལེགས་བཅོས་ཚོགས་པ་བཙུགས་གནང་ཡོད། ཚོགས་པ་དེས་བོད་ཀྱི་སྔར་གྱི་ལམ་ལུགས་རྙིང་པ་མི་འོས་པ་མང་པོར་བསྒྱུར་བཅོས་གཏོང་རྒྱུའི་དམིགས་འབེན་ལ་བཟུང་ནས་བྱས་པ་ཞིག་རེད། དེ་ཡང་སྤྱི་ལོ་༢༠༡༢ཟླ་༠༨ཚེས་༠༣ཉིན། ༸ཐམས་ཅད་མཁྱེན་པས་ལ་དྭགས་སུ་ཕེབས་པའི་བཀའ་སློབ་ཅིག་གི་ནང་།  ” ང་རང་ལོ་༡༦ལ་སླེབས་དུས་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་ཁྱེར་བ་ཡིན། སྤྱི་ལོ་༡༩༥༤ལོར་ལེགས་བཅོས་ཚོགས་པ་བཙུགས་པ་ཡིན། ལེགས་བཅོས་ཞེས་པའི་མིང་དེ་ནི། སྤྱི་ཚོགས་བསྒྱུར་བཅོས་གཏོང་ཆེད་བཙུགས་པ་ཞིག་རེད། དེའི་འགན་ང་ཕོད་ཀྱིས་ཁྱེར་ནས་ལེགས་བཅོས་ཚོགས་པ་བཙུགས་ཏེ། རྟ་ཁལ་འུ་ལག་གི་ཁྲལ་དང་། བུ་ལོན་སྤྲོད་འཇལ་སོགས་འགྲོ་སྟངས་མང་པོ་ཞིག་བསྒྱུར་བཅོས་གཏོང་མགོ་བཙུགས་ཡོད།”ཅེས་གསུངས་ཡོད། དེ་འབྲེལ་གྱི་གནས་ཚུལ་རྒྱས་པ་རང་རྣམ་ན་གསལ་བས་གཟིགས་པར་ཞུ།  དེས་ན་༸ཏཱ་ལའི་བླ་མ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འགོ་གཙོ་རེད་ཅེས་བརྗོད་པ་ནི། རྫུན་གཏམ་ནམ་མཁར་མི་ཤོང་བ་ཞིག་ཡིན། དེར་སུས་ཀྱང་བསམ་རིན་མེད།

ཡང་བརྩམས་ཆོས་ལས  དམངས་གཙོའི་བཅོས་འགྱུར་ལ་ངོ་ལོག་ནས་སྤྱི་ལོ་༡༩༥༩ལོར་ཟིང་འཁྲུག་བསླངས་པ་དང་། ཕྱི་རྒྱལ་ལ་བྲོས་ནས་ཡུལ་གྱར་སྲིད་གཞུང་།  རྩ་ཁྲིམས་” རྫུན་མ་བཟོས་པ་དང་ཆབས་ཅིག་ཁོ་པ་དབང་བསྒྱུར་པ་མཐོ་ཤོས་སུ་གཏན་ལ་ཕབ།  ཅེས་བཀོད་འདུག སྙིང་ཁམས་ཆེན་པོས་ཧམ་བཤད་རི་ཙམ་བཤད་པས་ཅི་ཕན། ལར་ནས་སྐད་ཆ་འདི་ནི་མུན་ཁྲོད་ལ་མདའ་འཕངས་པ་རང་རེད། ༸རྒྱལ་བ་ཐམས་ཅད་མཁྱེན་པས་བོད་མི་རིགས་ལ་ཕན་པའི་དམངས་གཙོ་བཅོས་འགྱུར་ཞིག་ཡིན་ན། དེར་ཁས་ལེན་མ་བྱེད་པར་དེ་མུར་བསྐྱུར་མི་སྲིད། སྤྱི་ལོ་༡༩༥༩ཟླ་༠༣ཚེས་༡༧ཉིན། བཞུགས་གནས་ནོར་གླིང་ཕོ་བྲང་ནས་གློ་བུར་དུ་གསང་རྒྱ་དམ་པོའི་ཐོག་ཉེན་གཡོལ་ལ་ཕེབས་དོན་གཙོ་བོ་ཡང་། བོད་རིགས་སྤྱི་པོ་གནམ་བསྟན་པ་ཡོངས་ཀྱིས་འཕྲལ་ཕུགས་ཀྱི་རྩ་དོན་འགག་རྩར་ཐུག་པ་ཐུགས་བློས་མ་བཟོད་ནས་བྲོས་བྱོལ་དུ་ཕེབས་པ་ཞིག་ཡིན་པ་ལས། རང་དོན་ཡིད་བྱེད་ཀྱི་བསམ་པ་བློ་སྦུག་ལ་བཞག་ནས་གནང་བཞག་པ་ཞིག་གང་ཡང་མིན་པ་ཞིབ་མོ་བློས་དཔྱད་ན་དོན་དངོས་ས་རིས་ཐང་གསལ་རེད། རྒྱ་གར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གསར་བཙུགས་གནང་པ་ཡང་། མི་ལོ་༣༠༠ལྷག་ཙམ་གྱི་ལོ་རྒྱུས་ཡོད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་ཀྱི་རྒྱུན་མ་ཉམས་པར་སླར་གསོ་གནང་པ་ཞིག་ལས་གང་ཡང་མིན། དེ་ནས་རྩ་ཁྲིམས་རྫུན་མ་བཟོས་ཞེས་བཤད་པ་དེ་ནི། ཕྱོགས་སྔའི་ནམ་མ་ལངས་སྔོན་ལ་དགག་པའི་ཉི་མ་ཤར་བ་དང་། ཡང་གཟུགས་མེད་གྲིབ་བཟོ་བྱས་པ་རང་ལས་མ་འདས། ད་ལྟ་བར་བཙན་བྱོལ་དུ་བཞུགས་རིང་རྩ་ཁྲིམས་ཤིག་ནམ་ཡང་གཏན་འབེབས་གནང་མེད། རྡ་རམ་ས་ལའི་འཛིན་སྐྱོང་བཀའ་ཤག་སོགས་ཀྱིས་ལག་བསྟར་རྩ་འཛིན་བྱ་ས་ནི་བཅའ་ཁྲིམས་རིན་པོ་ཆེ་ལས་རྩ་ཁྲིམས་མིན། དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་སྙམ། བཅའ་ཁྲིམས་དེ་ཡང་མང་གཙོའི་འགྲོ་ལུགས་དང་མཐུན་པའི་ལམ་ནས་འབྱུང་འཕེལ་བྱུང་བ་ཞིག་ལས། དབང་ཆ་གཅིག་སྡུད་དང་། སྲིད་དབང་སྒེར་བདག་བྱེད་པ། དེ་བཞིན་དྲང་བདེན་མ་ཡིན་པ་དང་གདུག་རྩུབ་ཀྱི་ཐབས་ལམ་སྤྱད་ནས་བཟོས་པ་ཞིག་མིན། འདས་པའི་བཙན་བྱོལ་གྱི་མི་ལོ་༦༠རིང་། བཅའ་ཁྲིམས་ལ་དུས་དང་མཐུན་པའི་འགྱུར་བཅོས་རིམ་པར་ཕྱིན་ཡོད་ལ། མ་འོངས་པར་ཡང་དེ་བཞིན་གནང་རྒྱུ་ལས་ཕུང་གསུམ་པའི་ལམ་བུ་ཞིག་ལྷག་མེད། དཔྱད་གཏམ་དེའི་ནང་ཡང་༸ཏཱ་མའི་བླ་མས་རང་ཉིད་དབང་བསྒྱུར་པ་མཐོ་ཤོས་སུ་གཏན་ལ་ཕབ་ཅེས་བཤད། སྒྲོ་སྐུར་གྱི་འུད་བརྗོད་དེ་འདྲ་རེ་བྱེད་ཕོད་པ་སྙིང་རེ་རྗེ། མང་གཙོའི་རིང་ལུགས་ནང་ཁྲིམས་ནི་གཙོ་བོ་དང་། ཁྲིམས་ཀྱིས་དབང་བསྒྱུར་འོག་ལུགས་གཉིས་ཀྱི་བྱ་བ་ཆེ་འབྲིང་ཆུང་གསུམ་བྱེད་དགོས་པ་དེ་སྤྱིའི་ལམ་སྲོལ་ཡིན། རྒྱ་གར་དུའང་༸རྒྱལ་བ་ཐམས་ཅད་མཁྱེན་པའི་མཁས་མཛངས་མཁྱེན་དཔྱོད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོ་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་བསྐྱོད་དགོས་པའི་ལམ་སྟོན་འོག ལོ་རྒྱུས་ནང་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་ཡོངས་སུ་དགའ་སྤྲོའི་ངང་ནས་མཇུག་བསྡུས་ཏེ། མི་མང་གི་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་མགོ་ཁྲིད་ལ་རྩིས་འབུལ་གནང་ཟིན། ད་དུང་གསལ་ཁ་སྣོན་དུ་སྤྱི་ལོ་༢༠༡༠ཟླ་༠༣ཚེས་༡༠ཉིན་ཏེ།  ༸རྒྱལ་བ་ཐམས་ཅད་མཁྱེན་པ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་གོ་གནས་ནས་ཕྱེད་བགྲེས་ཡོལ་གྱི་གནས་བབ་ན་བཞུགས་པའི་སྐབས་ཀྱི་གསུམ་བཅུའི་དུས་དྲན་ཐེངས་༥༡སྐབས་ཕེབས་པའི་གསུང་འཕྲིན་ནང་། ” འབྱུང་འགྱུར་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་བྱུང་མཚམས། བོད་ཀྱི་འཛིན་སྐྱོང་དང་འགོ་ཁྲིད་ཀྱི་ལས་འགན་ད་ལྟ་བོད་དུ་ལས་ཀ་བྱེད་བཞིན་པ་རྣམས་ཀྱི་ཁུར་འགན་རྐང་ལེན་བྱེད་དགོས། དེ་མཚམས་ངོས་ནས་ཆབ་སྲིད་ཀྱི་འགན་དབང་གང་ཡང་བླང་རྒྱུ་མིན་པ་དང་། བཙན་བྱོལ་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་ནས་ཀྱང་བོད་ནང་ཐོབ་ཐང་ལེན་རྒྱུ་མིན་པ་དེ་སྔོན་ནས་ཡང་ཡང་གསལ་བསྒྲགས་ཟིན་པ་ལྟར་དེ་རིང་ཡང་བསྐྱར་ཟློས་བྱེད་རྒྱུ་ཡིན། “ཞེས་རྡ་རམ་ས་ལ་ནས་འཛམ་གླིང་ཡོངས་གྲགས་ལ་གསལ་བསྒྲགས་ཟིན་པ་དེ། འོན་པས་གོ་ཚོད་དང་། ལོང་བས་མཐོང་ཚོད་ཡིན།

མུ་མཐུད་བརྩམས་ཆོས་ཀྱི་ནང་དུ། “ཕྱི་རྒྱལ་དུ་སྒྲིག་འཛུགས་ཡོད་པ་དང་། ངན་ཇུས་ཡོད་པའི་སྒོ་ནས་བོད་རང་བཙན་གྱི་ལྐོག་གཡོ་གཤོམ་པའི་ཁ་ཕྲལ་གྱི་བྱེད་སྤྱོད་ཡུན་རིང་སྤེལ་ཡོད།” ཅེས་དང་། “བོད་ཀྱི་གཞོན་ནུ་ཚོགས་པ་དང་། བོད་ཀྱི་བུད་མེད་ཚོགས་པ་སོགས་ཁ་ཕྲལ་རིང་ལུགས་ཀྱི་རྩ་འཛུགས་མང་པོ་བཙུགས་པ་དེ་དག་གིས་ཁ་ཕྲལ་གཏོར་བཤིག་གི་མྱུར་སྐྱོད་གདོང་མཆོང་པ་བྱས་ཡོད།“ཅེས་བཤད་པ་ནི། ཤེས་པ་རང་བཞིན་དུ་མ་གནས་པའི་འཕྱན་མོའི་གཏམ་དང་སྒོ་ཀུན་ནས་མཚུངས། འདི་ཕྱོགས་བོད་མིའི་སྒྲིག་འཛུགས་ཀྱི་མངོན་འདོད་གང་ཡིན་པ་དེ། འདས་པའི་མི་ལོ་བཅུ་ཕྲག་གཉིས་ལྷག་ཙམ་ནས་གསལ་པོ་ཆགས་དགོས་པ་ཞིག་ཡིན་ནའང་། གུང་ཁྲན་ཏང་མི་ཚོར་ད་དུང་གསལ་པོ་མ་ཆགས་པ་ནི་ཡ་མཚན་པའི་གནས་སུ་འཁུམས། སྤྱིར་སྤྱི་ལོ་༡༩༧༩ལོར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་སུ་སྐབས་དེའི་ཀྲུང་དབྱང་གི་དབུ་ཁྲིད་ཏིང་ཞའོ་ཕིང་གིས། བོད་རང་བཙན་གྱི་གནད་དོན་ཕུད། དེ་མིན་བོད་ཀྱི་དཀའ་ངལ་གང་ཡོད་པ་ཐམས་ཅད་གྲོས་མོལ་གྱི་ལམ་ནས་བྱ་ཆོག་པའི་གྲོས་མགོ་བཏོན་པ་ལྟར། ༸རྒྱལ་བ་ཐམས་ཅད་མཁྱེན་པས་ཅུང་མངོན་གསལ་དོད་དུ་བཏང་སྟེ། རང་བཙན་གྱི་དགོས་འདུན་དོར་ནས་ཕན་ཚུན་ཞི་མོལ་གྱི་བྱ་ཐབས་སྤྱད་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས་པའི་གྲོས་འགོ་བཏོན་ཡོད་པ་ནི། དེང་རྒྱལ་སྤྱིར་ཡོངས་གྲགས་ཆགས་ཟིན་པའི་གནད་དོན་ཞིག་རེད།  བོད་ཕྱི་ཕྱོགས་ནས་རྒྱ་ནག་ལ་ལྷག་བསམ་རྣམ་དག་དང་། གཡོ་ཁྲམ་སྤྲེལ་ལད་མེད་པར་བདེན་པ་བདེན་ཐུག་དངོས་ཡོད་གནས་ཚུལ་དང་ཡོངས་སུ་ཐ་མི་དད་པའི་སྐད་ཆ་ཇི་ཙམ་བཤད་ཀྱང་།  སྣང་བ་མི་གཏད་པ་དེ་ནི། འབྱུང་པོ་གདོན་གྱི་བརླམས་པའི་བྱ་སྤྱོད་དང་། རང་གི་གཞུང་དམངས་མུ་མེད་དམྱལ་ཁམས་ལ་ཕྱོགས་ནས་ཁྲིད་པ་དང་གཅིག་ཏུ་སྣང་། ༸རྒྱལ་བ་ཐམས་ཅད་མཁྱེན་པས་བོད་ཀྱི་གཞོན་ནུ་ཚོགས་པ་དང་བོད་ཀྱི་བུད་མེད་ཚོགས་པ་གསར་བཙུགས་བྱས་ཡོད་ཅེས་བཤད་པ་ནི། ཁག་དཀྲི་བྱ་ས་འཚོལ་བ་ཙམ་ལས་དོན་དངོས་ནམ་ཡང་ཆགས་མེད། བོད་ཀྱི་གཞོན་ནུ་ཚོགས་པའི་རང་བཙན་ཐབས་རྩོད་དང་། དབུ་མའི་ལམ་གྱི་གཉིས་སྨན་སྲིད་བྱུས་གཉིས་ཉ་ཉུང་མཉམ་བསྲེས་བྱེད་པས་ཅི་ཕན།   ད་ལྟ་རྒྱ་ནག་གཞུང་གིས་དཀྱེལ་ཡངས་དང་གུ་བཤངས་སྔར་ལས་ལྷག་པ་བྱེད་དེ། བོད་ཕྱི་ཕྱོགས་ཀྱི་འདས་མ་ད་གསུམ་གྱི་གནས་ཚུལ་ཞིབ་འཇུག་ཇི་ཙམ་བྱ་ཐུབ་ན། དེས་རྒྱ་ནག་གི་མཚན་མཐོང་ལ་རྒྱར་རྔོ་ཐོགས་ངེས་ཡིན། དེ་མིན་ད་ལྟའི་འདི་ལྟའི་བྱེད་ཕྱོགས་ནི། རང་སྐྱོན་གདོང་གི་དྲེག་པ་སྦས་སྐུང་དང་། གཞན་གྱི་ཡོན་ཏན་ལ་ཕྲག་དོག་གིས་བྱེད་ཚོད་མི་ཤེས་པའི་བླུན་པོའི་སེའུ་བཅུ་པའི་བྱ་སྤྱོད་ཙམ་ལས་མི་གདའ།

དཔྱད་གཏམ་སྤེལ་མཁན་གྱིས་མུ་མཐུད་བཤད་དོན། ” དུས་རབས་གོང་མའི་ལོ་རབས་༨༠ པའི་དུས་མཇུག་ཏུ་ལྷ་སར་ཟིང་ཆ་ལངས་རྐྱེན་གཙོ་བ་ནི་ཏཱ་ལས་ཨ་རིའི་རྒྱལ་ཚོགས་སུ་ཞི་བདེའི་གྲོས་འགོ་ཁག་ལྔ་ཟེར་བ་བཏོན་པ་དེ་རེད། ཁོ་པས་ད་དུང་གཏམ་བཤད་སྤེལ་ནས་ཟིང་ཆ་བསླངས་པར་བསྟོད་ར་ཆེན་པོ་བཏང་ཡོད། ” ཡང་། ” ༢༠༠༨ ལོའི་གསུམ་པའི་བཅུ་བཞི་ཡི་དོན་རྐྱེན་དང་རང་སྲེག་སོགས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ཚང་མའི་ངན་སྐུལ་བྱེད་མཁན་ནི། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་རེད། དུས་ཆེན་དང་དོན་ཆེན་འཕྲད་རིམ་བཞིན་ཟིང་ཆ་སློང་བའི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ཚང་མ་ནི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ངན་ཇུས་ཁང་ནས་བཤམས་པ་ཤ་སྟག་རེད། “ཅེས་བཤད་པར་ཡིད་རྟོན་སུས་ཀྱང་མི་བྱེད་པ་ཁོ་ཐག་རེད། གང་ལགས་ཤེ་ན། དུས་རབས་གོང་མའི་ལོ་རབས་བརྒྱད་བཅུའི་ལྷ་སའི་ཞི་རྒོལ་བ་ཉམ་ཆུང་མགོན་མེད་ཚོར་ཏང་གིས་གོ་མཚོན་སྤྱད་ནས་དྲག་གནོན་ཚབས་ཆེན་བྱས་རྗེས། བོད་མི་ཞི་རྒོལ་བ་མང་པོ་བསད་པ་དང་། རྨས་མ་བརྒྱ་ཕྲག་དུ་མ་དུས་བཀག་བྱས་ནས་མཐུན་རྐྱེན་ཧ་ཅང་ཞན་པའི་ཁྲི་མུན་དུ་བཅུག་པ། རྗེས་སོར་དེ་དག་གི་ནང་མི་སྤུན་གྲོགས་ལའང་རྒྱལ་ཁབ་ཀྱི་མི་སེར་གྱི་ཁེ་དབང་ཡོངས་སུ་འཕྲོག་ནས་ལྟ་རྟོག་ནན་པོའི་འོག་ལ་བཞག་པའི་གནས་ཚུལ་དག་ནི། དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་གསལ་ཐིང་ཐིང་ལ་གྱུར་ཟིན་པ་མ་ཟད། ཡང་དེང་སྐབས་སྔར་ཞི་རྒོལ་ནང་ཞུགས་མྱོང་བའི་མི་སྣ་མང་པོས་དེ་འབྲེལ་གྱི་གནས་ཚུལ་ངོ་མ་ཅི་ཡིན་དང་། ཞི་རྒོལ་བའི་དགོས་འདུན་གང་བཏོན་པ། དེར་དྲང་བདེན་མིན་པར་མི་སྤྱོད་ཀྱི་བསམ་པའི་རྒྱ་ལས་འདས་པའི་མཇུག་འབྲས་གང་བྱུང་བ་རྣམས་ལོ་རྒྱུས་ཀྱི་ཤོག་ངོས་སུ་ནམ་ཡང་བསུབ་མི་ཐུབ་པའི་ངོ་བོར་བརྟན་ཆགས་ཟིན་པ་རེད། ད་དུང་བསྒོ་བ་རྣར་གཟོན་དང་གཞི་རྩ་ཅི་ཡང་མི་ལྡན་པའི་རྫུན་པའི་ཀུ་ཅོ་འདོན་རྐྱང་མ་བྱེད་པར། སྤྱི་ལོ་༡༩༨༩ཟླ་༠༦ཚེས་༠༤ཉིན་གྱི་གནམ་བདེ་སྒོ་མོ་ཆེའི་རྒྱ་རིགས་སློབ་ཕྲུག་གི་ཞི་རྒོལ་དེ་དག་གང་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་དག་སུ་ཁག་དཀྲི་བྱེད། མནོ་བསམ་རགས་རིམ་ཙམ་ཐོངས།   དེས་ན་འུར་སྒྲོག་གིས་དོན་ཅི་ཡང་བྱེད་མི་ནུས།  སྤྱིར་ན་སྤྱི་ལོ་༡༩༨༧ཟླ་༠༩ཚེས་༢༡ཉིན་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག ༸ཐམས་ཅད་མཁྱེན་པས་ཞི་བདེའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔ་དང་། སྤྱི་ལོ་༡༩༨༨ཟླ་༠༦ཚེས་༡༥ཉིན་བོད་རྒྱལ་ཡོངས་མི་མང་ཚོགས་ཆེན་གྱི་གྲོས་ཆོད་མ་རྩར་བཟུང་ནས། སི་ཊས་སི་སྦག་གི་ཞི་བདེའི་སྔོན་འགྲོའི་གྲོས་འཆར་གྱི་འགྲེལ་བཤད་བཅས་གཉིས་པོ་ནི། གལ་འགངས་ཆེ་བའི་རྒྱལ་སྤྱིའི་ཡོངས་གྲགས་ལ་ངོ་སྤྲོད་བྱས་པའི་བོད་ཀྱི་དཀའ་རྙོག་ཐམས་ཅད་བསལ་བའི་བོད་མིའི་དགོས་འདུན་མཚོན་པའི་འཚེ་བ་མེད་པའི་གྲོས་འཆར་ཞིག་ཡིན་པ་ལས། དྲག་སྤྱོད་དང་འཚེ་བའི་བྱ་སྤྱོད་རྒྱུད་སྐུལ་བྱེད་པའི་གྲོས་འཆར་ཞིག་མིན་པ་ཤར་ནུབ་ཀུན་ལ་ས་ཁྱབ་རྡོ་ཁྱབ་ཡིན། ལ་ལར་ཡོ་རོབ་གྲོས་ཚོགས་སུ་ཞི་བའི་གྲོས་འཆར་གྱི་འགྲེལ་བཤད་གསལ་བསྒྲགས་ཟིན་རྗེས། ཏག་ཏག་ལོ་གཅིག་མི་ཟིན་ཙམ་གྱི་རྗེས་༸ཐམས་ཅད་མཁྱེན་པ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་འཇིག་རྟེན་སྒང་གི་ཞི་བདེའི་གཟེངས་རྟགས་ཀྱི་བྱ་དགའ་འབུལ་བཞེས་བསྐྱངས་པ་ལས། ལྷ་སའི་ཞི་རྒོལ་ནི་མི་མང་གིས་སྲིད་གཞུང་ལ་འུ་ཐུག་ཐབས་ཟད་ནས་ཞི་བའི་ངོ་རྒོལ་གྱི་ལམ་བུ་བདམས་པ་ཞིག་ལས་གཞན་སུ་ལའང་རྒྱུད་སྐུལ་གྱི་འབྲེལ་བ་མེད་པ་གསལ་པོ་རེད། ཡང་དཔྱད་གཏམ་དེའི་ནང་། སྤྱི་ལོ་༢༠༠༨ལོའི་ཞི་རྒོལ་དང་། བོད་མིའི་རང་སྲེག་གི་ལས་འགུལ་ཡང་རྒྱུ་རྐྱེན་སྔར་བཞིན་ཡིན། དེ་འབྲེལ་གྱི་གནད་དོན་མཐིལ་ཕྱིན་པ་ཤེས་འདོད་ན། རང་སྲེག་བྱེད་མཁན་དངོས་ཀྱིས་ཤུལ་དུ་བཞག་གནང་བའི་ཞལ་ཆེམས་གྱི་ཡི་གེ་དང་། རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ནམ་ཤེས་ཡོན་ཅན་ཚོས་བཏོན་པའི་ཉེ་ཆར་གྱི་བརྩམས་ཆོས་ཁག   ད་དུང་བོད་ནང་གི་བོད་རིགས་རྩོམ་པ་པོ་ཞོགས་དུང་སོགས་ཀྱི་བརྩམས་ཆོས་ལས་བདེན་དོན་མཐོང་ཐུབ། སྤྱིར་མིའི་རིགས་ལ་ཆེས་དགོས་མཁོ་ཡོད་པ་ནི། རང་དབང་ཡིན་པ་ལས་གདུག་རྩུབ་མིན། གང་དུ་གདུག་རྩུབ་ཡོད་པ་དེ་ན་ངོ་རྒོལ་གྱི་རྣམ་པ་ཟམ་མི་ཆད་པར་ཡོང་བ་ནི་ཆོས་ཉིད་ཡིན།

ཟློས་སྐྱོན་གྱི་རྣམ་པ་མང་བའི་དཔྱད་གཏམ་ཙམ་པོ་བ་དེའི་ནང་། ” ཁོ་པས་རང་ཉིད་ནིརྙོག་དྲ་བཟོ་མཁན་ཞིག་ཡིནཟེར་བ་དང་། རྙོག་དྲ་དེ་བས་མང་པོ་བཟོ་རྒྱུ་དེ་ནི་འགན་འཁྲི་ཡིནཞེས་མངོན་སུམ་འཛེམ་མེད་ངང་འུད་སྒྲོག་བྱེད་ཀྱི་ཡོད།“ཅེས་བྲིས་འདུག  དེ་འདྲའི་འུད་བརྗོད་བཤད་པ་དགོད་རེ་བྲོ། ཕྱོགས་གང་ནས་བལྟས་ཀྱང་སྤྱིར་དཔྱད་གཏམ་འབྲི་བའི་ཤེས་ཚད་དང་དགོས་དམིགས་ཙམ་ཡང་བློ་ངོར་མ་ངེས་པ་དང་། སྤྲེལ་ལད་འཁྲབ་རྒྱུར་དགའ་བའི་གང་ཟག་ཅིག་གིས་བྲིས་པའི་དཔྱད་གཏམ་ཞིག་ཡིན་པ་གོང་གི་སྐད་ཆ་དེ་ནས་རྟོགས་ཐུབ། མིའི་རིགས་ཀྱི་རྒྱུན་ཤེས་ཙམ་ཡང་མི་ཤེས་པའི་བླུན་པོ་གླང་རྒན་ཞིག་གིས་ཀྱང་དེ་འདྲ་བཤད་མི་སྲིད། ཡང་ན་ཏན་ཏན་དཔྱད་གཏམ་པ་འདི་པ་ཆང་གིས་རྦད་དེ་བཟི་དྲགས་ནས་སྐྱུར་འགོང་ཤོད་ཀྱི་ཡོད་པ་འདྲ། ད་ལྟ་འཇིག་རྟེན་གྱི་ཕྱོགས་བཞི་མཚམས་བརྒྱད་ཀྱི་མི་རྣམས་དྲ་བ་དང་། འཕྲུལ་ཆས་ཀྱི་དུས་རབས་སུ་སླེབས་ཡོད། བྱིས་པའི་གཏམ་རྒྱུད་དང་ལྷ་སྒྲུང་ལྟ་བུའི་སྐད་ཆར་རིན་ཐང་སུས་སྤྲད། ས་སྒང་གི་སྐྱེ་དགུ་རྣམས་ནི་རང་དབང་དང་མང་གཙོ། འདྲ་མཉམ་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་བཞིན་པའི་གནས་དུས་ལ་ཁྱེད་ཅག་གིས་མ་བརྟག་གྱ་ཚོམ་གྱི་སྨྲ་བ་ངན་པར་སུས་གོང་ལ་བཀུར། སྐད་ཆ་དེ་དག་ནི་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་མེད་པའི་དྲག་གནོན་དང་། བདེ་སྐྱིད་ཀྱི་ཉི་གཞོན་ནམ་ཡང་འཆར་མ་མྱོང་བའི་བཙོན་དོང་མུན་པ་ཅན་གྱི་ནང་ལ་ཚུད་པའི་མིའི་རྣ་བར་བཤད་རྒྱུའི་སྐད་ཆ་ཞིག་ཡིན་སྲིད། སྙིང་པོ་ཏིལ་འབྲུ་ཙམ་ཡང་མ་རྙེད།

ཡང་ཡིག་རྙོག་གི་ཕུང་པོ་དེའི་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་རྒྱལ་ཁབ་མང་པོར་འཁྱམས་མྱུལ་བྱས་ནས་ཀྲུང་གོར་ངོ་རྒོལ་མཁན་ཕྱོགས་གཏོགས་ཀྱི་དགོས་མཁོ་དང་བསྟུན་ཏེ་ཀྲུང་གོ་སྲིད་གཞུང་ལ་སྐུར་འདེབས་བྱས་ནས་གནམ་སར་མི་ཤོང་བའི་རྫུན་གཏམ་མང་པོ་བཟོས།” ཞེས་སྤེལ་འདུག  འབྲེལ་མེད་དོན་གཞན་གྱི་སྐད་ཆ་དེ་ལ་མི་རབས་ནས་མི་རབས་པར་སྙིང་དོན་ཁྱད་པར་བ་ཞིག་ལ་རེ་ནས་ལན་བརྒྱ་ཕྲག་བར་བཙལ་ཡང་རྙེད་རྒྱུ་ཅང་མེད། ༸རྒྱལ་བ་ཐམས་ཅད་མཁྱེན་པ་ནི་འཛམ་གླིང་ན་ཆེས་སྙན་གྲགས་ཆེ་བའི་ཆོས་ལུགས་ཀྱི་མི་སྣ་མང་པོའི་ནང་ནས་གཙུག་གི་ནོར་བུ་ལྟ་བུ་ཁྱུ་མཆོག་དེ་ཡིན། ཁོང་ལ་འཛམ་གླིང་ཤར་ནུབ་ཀྱི་མི་རིགས་དཀར་ནག་སྣ་ཚོགས་དང་། ཆོས་ལུགས་རིས་མེད་ཀྱི་དད་ལྡན་ཁྲི་ཚོ་མང་པོས་བཅོས་མིན་གྱི་གུས་གཙི་བྱས་དང་བྱེད་བཞིན་ཡོད་པ་ནི་བསུབ་ཏུ་མེད་པའི་བདེན་དོན་ཞིག་རེད། ཁོང་གིས་དད་ལྡན་མང་ཚོགས་དབུལ་ཕྱུག་ཁྱད་མེད་དང་འཛམ་གླིང་གི་མ་འོངས་པའི་བདག་པོ་གཞོན་སྐྱེས་གྲངས་ལས་འདས་པ་མང་དག་གི་སྐྱེས་འཚར་བྱ་སའི་དམའ་འབྲིང་མཐོ་སོགས་སློབ་གླིང་གི་བསྟི་གནས་མང་པོར། ཁོང་ཚོའི་འདོད་བློ་བཞིན་ཞབས་ཀྱི་པད་མོས་གཅགས་ནས་མཛད་འཕྲིན་རླབས་ཆེན་དུ་མ་ཞིག་སྐྱོང་བཞིན་ཡོད་པ་དེ་དག་འཁྱམས་མྱུལ་བྱས་པའི་རྣམ་པར་སྣང་མཁན་མཐའ་དག་ནི། སེམས་པ་རྣལ་དུ་མ་གནས་པའམ་ཕྲག་དོག་གི་སྙིང་རླུང་སྟོད་ལ་འཚང་པ་ཞིག་གི་བྱེད་བབ་ཅིག་ཡིན་པ་ཡིད་གཉིས་ཐེ་ཚོམ་ཅི་ལ་དགོས། འདི་ལྟའི་སྐད་ཆ་ཤོད་མཁན་རྣམས་ནི། རྟག་ཏུ་རྙོག་དྲ་ལ་དགའ་ཞིང་སྤྱི་ཚོགས་ཀྱི་རྣམ་པ་ཞོད་འཇགས་ལ་ནམ་ཡང་མི་དགའ་བ་ཞིག་གིས་བྱ་བྱེད་རེད། ༸རྒྱལ་བ་ཐམས་ཅད་མཁྱེན་པས་ཀྲུང་གོ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་ཁབ་ཙམ་མ་ཟད། ནང་བསྟན་ཆོས་ལུགས་དར་རིམ་གྱི་ཆ་ནས་བོད་ལས་རྒྱ་ནག་ལ་དུས་ཀྱི་ཆ་ནས་སྔུན་ལ་དར་བས། མཉམ་མེད་བུ་རམ་ཤིང་པའི་སློབ་མ་བགྲེས་གྲས་ཤིག་ལ་གཟིགས་ནས་ལྷག་བསམ་རྣམ་དག་གིས་གུས་གཙི་བྱེད་དགོས་པ་དང་། དེར་བྱེད་རིན་ཡོད་པའི་གཟིགས་ཚུལ་རྒྱལ་སྤྱིའི་སྡིངས་ཆའི་སྒང་ལ་གདོན་མཁན་ཁོང་གཅིག་པོ་རེད་བརྗོད་ན་རིགས་པའི་གནོད་པ་ཕྲ་མོ་ཙམ་འཇུག་པ་མེད། དེས་ན་ཁོང་རིན་པོ་ཆེ་ནི། རྒྱ་ནག་གི་བཟང་པོ་ཡོན་ཏན་ཕྱི་ཕྱོགས་སུ་སྤེལ་མཁན་དང་། ད་ལྟ་ཀྲུང་གོ་སྲིད་གཞུང་དེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གྲོགས་མེད་ཁེར་རྐྱང་ལ་འཇོག་མི་འདོད་པའི་མི་སྣ་དུངས་སེམས་ཅན་ཞིག་རེད།

ཡང་ཡིག་རྙོག་དེའི་ཚན་པ་ཞིག་ཏུ། ” ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་གཞན་ལ་ཤོད་མི་ཕོད་པའི་ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་ཆེད། ཆོས་ལུགས་ཀྱི་དར་རྟགས་འཕྱར་ནས་ཏཱ་ལའི་བླ་མ་སྐྱེ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དང་ཡོངས་སུ་རྒྱབ་འགལ་བྱས་པ་དང་།  རྗེ་ཙོང་ཁ་པའི་ ཆོས་ལུགས་ཀྱི་སྒྲིག་སྲོལ་བཟང་པོར་གཏོར་སྐྱོན་གཏོང་བ།ཞེས་ཐན་སྐད་མི་རུང་བ་རྣམ་རྟོག་ཟ་དགོས་པ་ཞིག་བཤད་འདུག་སྙམ།  ༸ཐམས་ཅད་མཁྱེན་པའི་འདས་པའི་མི་ལོ་དྲུག་ཅུ་མི་ཡུལ་དུ་བཞུགས་པའི་མཛད་རྗེས་ནི། ཀྲུང་གོ་གུང་ཁྲན་ལས་རིང་ཞིང་གཟི་བརྗིད་བླ་ལྷག་ཏུ་ཆེ། མིག་ནད་ཅན་གྱི་མིའི་མིག་ལ་འཕྲུལ་སྣང་གི་རྣམ་པ་འཛད་མཐའ་མེད་པ་ཆོས་ཉིད་རེད། ༸རྒྱལ་བ་ཐམས་ཅད་མཁྱེན་པས་སངས་རྒྱས་ཀྱི་བསྟན་པའི་གཞུང་ཤིང་སྲ་བརྟན་དང་དག་ཐེར་མཛད་པ་ཤར་༸རྒྱལ་བ་ཙོང་ཁ་པ་གཉིས་པ་ལྟར་གནང་ཞིང་། གཞུང་ཆེན་སློབ་གཉེར་གྱི་ལམ་སྲོལ་སྔར་ལས་གུ་ཡངས་པ་དང་འཐུས་སྒོ་ཇི་ཚང་ལ་བཏང་ཡོད་པ། ཁྱེད་ཚོས་མངོན་ལྐོག་གཉིས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཀྱི་རི་བོ་དགེ་ལྡན་པའི་བྱེས་ཀྱི་གདན་ས་ཆེན་པོ་གསུམ་སོགས་རིས་མེད་བོད་བརྒྱུད་ནང་བསྟན་གྱི་བཤད་སྒྲུབ་ཀྱི་བསྟི་གནས་གང་ལའང་ཕེབས་ན་རྟོགས་སླ་བ་ལས་དཀའ་བ་ཞིག་ཅང་མེད།  མ་ཟད་ཕ་མེས་ནས་བོད་དང་འབྲེལ་ཆེ་ཞིང་། ཆོས་དང་རིག་གཞུང་གི་ཕྱོགས་ནས་བོད་དང་སེམས་ཐག་ཉེ་བའི་ཧི་མ་ལ་ཡེའི་གྲྭ་རིགས་སྟོང་ཚོ་མང་པོར་རིན་མེད་ཆོས་ལུགས་གྲུབ་མཐའི་གཞུང་ཆེན་ཁག་ལ་སློབ་གཉེར་ཀྱི་གོ་སྐབས། དབུལ་བོ་ལ་གསེར་གྱི་གཏེར་རི་རྙེད་པ་ལྟར་བྱུང་ནས། སངས་རྒྱས་བསྟན་པ་དར་རྒྱས་དང་ཁྲ་ཚུགས་ཐབས་ལ་༸རྒྱལ་བ་གོང་མ་ཐམས་ཀྱི་མཛད་པའི་རྣམ་ཐར་ཕྱོགས་གཅིག་ཏུ་བསྡུས་པ་ལས་ལས་ལྷག་ཏུ་ཆེ་བ་བྱུང་དང་འབྱུང་བཞིན་པ་ཁྱོད་ཚོར་མཛུབ་མོའི་རྩེ་ལ་བགྲངས་ཀྱང་ཅི་ཕན། ད་དུང་ཆོས་ལུགས་རང་དབང་དང་། ཆོས་ལུགས་དབྱེན་འབྱེད། རྒྱལ་གཅེས་ཆོས་གཅེས་སོགས་ཁ་སྟོངས་ནང་གི་ཚིག་སྟོངས་རྣམས་ནི། ཁྱི་རྒན་གྱིས་ནམ་མཁའི་སྐར་ཚོགས་ལ་ཟུག་པ་དང་ཡོངས་སུ་འདྲ།

མཇུག་དེར་བཤད་རྒྱུར། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པའི་དཔྱད་བརྗོད་ཁག་བཞི་ཙམ་ལྟ་ཉན་ཀློག་གསུམ་གྱི་བྱ་བ་བན་བུན་ཙམ་བྱས་སྐབས། རྫུན་གཏམ་གྱི་ཁུང་བུ་གང་སར་སྣང་རྒྱུ་འདུག  དེ་དག་ཐམས་ཅད་རེ་རེ་བཞིན་བསུན་འབྱིན་བྱ་དགོས་ཀྱང་། སྙིང་པོ་ཅི་ཡང་མི་སྣང་། གང་ལ་ཞེ་ན། དཔྱད་གཏམ་གྱི་ཡིག་རྙོག་དེའི་ནང་། མང་པོ་ཞིག་བྱིས་པ་སེའུ་བཅུ་པས་ཀྱང་དུས་སྐད་ཅིག་མར་དངོས་དོན་ཤེས་སླ་བ་དང་། མང་པོ་ཞིག་ནང་ཕན་ཚུན་འགལ་བ་ལྟག་སྤྲོད་ལ་གྱུར་ནས་ཡོད་པ། ཡང་ཇི་སྙེད་ཅིག་ནི་གསལ་བཤད་ཇི་ཙམ་བྱས་ཀྱང་རྒྱུད་གདོན་གྱིས་བརླམས་པས།  བདེན་གཏམ་མཉན་པའི་རྣ་བ་སོགས་སྒོ་ལྔའི་དབང་ཤེས་ཀྱི་ནུས་པ་རྦད་དེ་རོ་ལྟར་གྱུར་ཟིན་པས་ཡིན།  དེས་ན་དེ་རིང་དེ་ཙམ་གྱིས་ཆོག་པར་བྱེད་དོ།།

བསྐྱར་བཅོས།: ༢༠༡༩/༠༤/༠༥

Leave a Reply

2 thoughts on “འཐོམ་ཞྭ་ནག་པོ་རྒྱང་ལ་བསྐྱུར།