ལྡི་ལིར་སྐུ་གཟུགས་བརྟག་དཔྱད་དུ་ཕེབས་དགོས་བྱུང་ཡང་ཛ་དྲག་གང་ཡང་མི་འདུག་ཅེས་གསུངས་འདུག

སྐུའི་ཕྱི་ལུགས་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ནས་༧གོང་ས་མཆོག་ནས་གློ་ཚད་ཅུང་ཙམ་བཞེས་ཏེ་ལྡི་ལིར་ཉིན་ཤས་རིང་བཞུགས་རྒྱུ་ཡིན་ཡང་ཛ་དྲག་གནས་སྟངས་གང་ཡང་མི་འདུག་ཅེས་གསུངས་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་བདུན་པ་ཡས་མས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་གཟུགས་བདེ་མིན་གྱིས་ལྡི་ལིའི་  MAX སྨན་ཁང་དུ་སྐུའི་འཕྲོད་བཞེས་ཐད་བརྟག་དཔྱད་གནང་བར་ཕེབས་དགོས་བྱུང་ཡོད་ཀྱང་། སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་མགུལ་ཆམ་གྱི་རྐྱེན་པས་གློ་བའི་གཉན་ཚད་བཞེས་ཡོད་ཀྱང་། གཉན་ཚད་ཀྱི་ཚད་དམའ་ཤོས་ཤིག་ཡིན་པས་ཛ་དྲག་གནས་སྟངས་གང་ཡང་མེད་པ་དང་། ཉིན་ཤས་རིང་གཉན་འཇོམས་ཞུ་དགོས་པ་དང་སྐུ་ངལ་གསོ་ཆེད་སྨན་ཁང་དུ་བཞུགས་རྒྱུ་ཡིན་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་༤ ནས་༦བར་ལྡི་ལི་ཁུལ་གྱི་See Learning བཟང་སྤྱོད་དང་འབྲེལ་བའི་བསླབ་གཞི་རྒྱལ་སྤྱི་རང་བཞིན་གྱི་ཐོག་ནས་དབུ་འབྱེད་དང་མཁས་པའི་བགྲོ་གླེང་སོགས་ལེགས་པར་གྲུབ་སྟེ། ཟླ་འདིའི་ཕྱི་ཚེས་ ༨་ཉིན་གྱི་ཉིན་གུང་གྷ་གྷིལ་གནམ་ཐང་བརྒྱུད་ཕྱིར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་བཀོད་གནང་ཡོད་ཀྱང་། སྐུ་གཟུགས་བདེ་མིན་གྱིས་ཕྱི་ཚེས་༩་ཉིན་སླར་ཡང་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་དགོས་བྱུང་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༩/༠༤/༡༠

Leave a Reply

2 thoughts on “ལྡི་ལིར་སྐུ་གཟུགས་བརྟག་དཔྱད་དུ་ཕེབས་དགོས་བྱུང་ཡང་ཛ་དྲག་གང་ཡང་མི་འདུག་ཅེས་གསུངས་འདུག

  1. གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།།
    ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
    སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།
    ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།
    🙏🙏🙏🙏🙏🙏🙏🙏🙏

  2. དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་།།
    མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་།།
    འགྲོ་བ་མ་ལུས་ཚོགས་གཉིས་རབ་རྫོགས་ནས།།
    མྱུར་དུ་ཁྱེད་ཀྱི་ཐུགས་དགོངས་རྫོགས་པར་ཤོག།།

    ཕན་བདེ་འབྱུང་བའི་གནས་གཅིག་པུ།།
    བསྟན་་པ་ཡུན་རིང་གནས་པ་དང་།།
    བསྟན་འཛིན་དམ་པ་༧གོང་ས་མཆོག།
    སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག།
    བླ་མ་སྐུ་ཁམས་བཟང་ཞིང་གསོལ་བ་འདེབས།།
    ཁྱེད་ཀྱི་སྐུ་ཚེ་རིང་ལ་གསོལ་བ་འདེབས།།
    འཕྲིན་ལས་དར་ཞིང་རྒྱས་ལ་གསོལ་བ་འདེབས།།
    བླ་མ་ཁྱེད་དག་ནམ་ཡང་མི་འབྲལ་ཤོག།།
    🌸🌸🌸🌸🌸🌸🌸🌸🌸
    🌷🌷🌷🌷🌷🌷🌷🌷🌷