༧གོང་ས་མཆོག་སྨན་ཁང་ནས་ཆིབས་ཐོན་གནང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མེག་ཁི་སི་སྨན་ཁང་ནས་ཆིབས་ཐོན་གནང་བ་དང་འབྲེལ་ངོས་རང་ཡག་པོ་ཞེ་དྲགས་དྲག་སོང་བས་བློ་བདེ་བོ་བྱོས་ཞེས་གསུངས་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༨ ཙམ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལྡི་ལིའི་མེག་ཁི་སི་(Max)སྨན་ཁང་ནས་ཆིབས་ཐོན་གནང་ཡོད་པ་དང་། ཉིན་ཤས་རིང་ལྡི་ལིའི་ཤཱི་རཱ་ཊོན་(Sheraton Hotel)གསོལ་མགྲོན་ཁང་དུ་སྐུ་ངལ་གསོས་ནས་བཞུགས་རྒྱུ་ཡིན་འདུག

སྨན་ཁང་ནས་ཆིབས་ཐོན་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསར་འགོད་པར། ངོས་རང་ཏོག་ཙམ་ཞིག་མ་བདེ་བ་བྱུང་སྟེ་སྨན་ཁང་དུ་ཡོད་དུས། བོད་ཕྱི་ནང་དང་བོད་རིགས་ཙམ་མ་ཡིན་པར་ངོས་ལ་མོས་པ་བྱེད་མཁན་འབུམ་ཕྲག་ས་ཡ་མང་པོས་སྨོན་ལམ་བརྒྱབ་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ངོས་ཀྱི་ནད་གཞིའི་རྐྱེན་མཚམས་དང་པོ་དེ། ཉེ་སྔོན་རྡོ་རྗེ་གདན་དུ་ཆམ་རིམས་ཀྱི་བཟོ་འདྲ་པོ་ཕྲན་བུ་ཞིག་མ་བདེ་བ་བྱུང་བ་རེད། དེ་མ་དྲག་པར་བསྡད་བསྡད་ཡོད་པ་རེད། དེ་རིང་འདིར་གློག་པར་བརྒྱབས་ཏེ་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཡོང་དུས། གློ་བ་ལ་ཕྲན་བུ་ཞིག་འདུག་ཟེར། འོན་ཀྱང་། ད་ལྟ་ནད་ངོ་འཕྲོད་པར་བརྟེན་སྨན་བཅོས་བྱས་ནས་རྒྱུན་ལྡན་གྱི་བཟོ་འདྲ་པོ་རེད། ཡག་པོ་ཞེ་དྲགས་དྲག་སོང་། ཚང་མ་བློ་བདེ་པོ་བྱོས། ཅེས་གསུངས་འདུག ཡང་ཁོང་ཉིད་ཀྱིས་ཁྱེད་རང་ཚོས་སེམས་འཁུར་བླངས་ནས་སྨོན་ལམ་བརྒྱབ་པར་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཚོས་དགེ་བ་གསོག་བཞག་པ་དེ་འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་དུ།། དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར།། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།། ཞེས་ངོས་ནས་བསྔོ་བ་བྱེད་ཀྱི་ཡིན། ངོས་ཀྱི་ལུས་པོའི་བདེ་ཐང་དང་ཚེ་ལ་ཁྱེད་རང་ཚོས་བསམ་པ་རྣམ་དག་གིས་སྨོན་ལམ་བརྒྱབ་བཞག་པ་དེ་དག་གིས་ཏན་ཏན་ཕན་ཐོགས་བྱུང་ཡོད་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག ཕྱི་ཚེས་ ༩ ཉིན་༧གོང་ས་མཆོག་སྙུན་གཞིའི་རྐྱེན་པས་ལྡི་ལིར་སྨན་བཅོས་གནང་བར་ཕེབས་དགོས་བྱུང་རྗེས། བོད་ཕྱི་ནང་གཉིས་ཀྱི་བོད་མི་སེར་སྐྱ་མི་མང་དང་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་དོ་འཁུར་ཅན་མང་པོས་༧གོང་ས་མཆོག་གང་མགྱོགས་དྲག་སྐྱེད་ཡོང་བར་ཞབས་བརྟན་བསྒྲུབས་ཡོད་པ་དང་། དེ་བཞིན་སྤྱི་ཚོགས་དྲ་ལམ་སོགས་སུ་གོང་ས་མཆོག་གི་མཛད་འཆར་རྣམས་ཉུང་འཕྲི་དགོས་པའི་བསམ་ཚུལ་དང་འབོད་སྐུལ་སྔར་ལས་མང་པོ་བྱུང་སོང་།

སྐུ་སྒེར་དྲ་བའི་སྟེང་གི་མཛད་འཆར་ལྟར་ན། ཕྱི་ཟླ་ ༥ ཚེས་ ༡༠ ནས་ ༡༣ བར་ཉིན་གྲངས་ ༣ རིང་བཞུགས་སྒར་དུ་ཨུ་རུ་སུའི་དད་ལྡན་མང་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་རྒྱུད་བླ་མའི་གསུང་ཆོས་བསྩལ་རྒྱུ་དང་། ཕྱི་ཟླ་ ༦ པའི་ཚེས་ ༣ ནས་ ༤ ཉིན་ ༢ རིང་བོད་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དང་། ཕྱི་ཚེས་ ༥ ཉིན་རྫོང་དཀར་ཆོས་སྡེ་ནས་གསོལ་འདེབས་ཞུས་དོན་ལྟར་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་། དེ་བཞིན། ཕྱི་ཚེས་ ༡༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚོགས་པ་ཁག་གཉིས་ནས་བརྟན་བཞུགས་བསྟར་འབུལ་དང་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༤/༡༢

Leave a Reply

One thought on “༧གོང་ས་མཆོག་སྨན་ཁང་ནས་ཆིབས་ཐོན་གནང་།

  1. ཡངས་པའི་འཛམ་གླིང་གོ་ལའི་ཁྱོན་ཀུན་ལ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།