ལོ་ངོ་ ༨༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ཡེ་ཤུ་ལྷ་ཁང་ལ་མེ་སྐྱོན་ཚབས་ཆེན་བྱུང་།

ཧྥ་རན་སིའི་ཡེ་ཤུ་ནོ་ཊེ་རེ་ཌེམ་ཡེ་ཤུ་ལྷ་ཁང་ཆེན་མོར་མེ་སྐྱོན་ཚབས་ཆེ་བྱུང་བར་བརྟེན་ལོ་འདིའི་ནང་གི་ལས་གཞི་གཙོ་བོར་བཟུང་ནས་བསྐྱར་གསོ་བྱ་རྒྱུ་ཡིན་སྐོར་ཡོངས་བསྒྲགས་བྱས་འདུགཁ་སང་ཧྥ་རན་སིའི་ས་གནས་ཀྱི་ཕྱི་དྲོའི་ཆུ་ཚོད་ ༦།༣༠ ཙམ་གྱི་ཐོག ཡུལ་དེའི་རྒྱལ་ས་ཕེ་རི་སི་རུ་ཡོད་པའི་ལོ་ངོ་ ༨༥༠  ལྷག་གི་ལོ་རྒྱུས་ལྡན་པའི་ཡེ་ཤུ་ནོ་ཊེ་རེ་ཌེམ་ལྷ་ཁང་ཆེན་མོར་མེ་སྐྱོན་ཚབས་ཆེན་བྱུང་སྟེ། ལྷ་ཁང་གི་རྒྱ་ཕིབས་དང་རྩེ་རྒྱན་སོགས་མེར་ཚིག་ཡོད་ཀྱང་། མེ་གསོད་རུ་ཁག་གིས་ཆུ་ཚོད་ ༥ རིང་མེ་བསད་དེ་ལྷ་ཁང་གི་ལྷོ་བྱང་ལྕོག་མཁར་གཉིས་དང་། ཡེ་ཤུའི་སྟོན་པ་ཇེ་སི་སི་ཡི་མཚེར་མའི་དབུ་རྒྱན་(Crown of thorns) སོགས་རིག་དངོས་མང་པོ་ཞིག་སྐྱོབ་ཐུབ་ཡོད་འདུག

ཐེངས་འདིར་ལྷ་ཁང་ལ་མེ་སྐྱོན་བྱུང་བའི་རྒྱུ་མཚན་ཞིག་གསོའི་ལས་གཞི་ཞིག་འགྲོ་མུས་ཡིན་པར་བརྟེན། དེ་ལས་མེ་སྐྱོན་བྱུང་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། ད་ལྟའི་ཆར་མེ་སྐྱོན་བྱུང་རྐྱེན་གང་ཡིན་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་།  ཁ་སང་དགོང་དྲོ་ཙམ་ལ་ཡུལ་དེའི་སྲིད་འཛིན་མེ་ཁེ་རོན་ཡུལ་དངོས་སུ་བཅར་ཏེ་གསར་འགོད་པར། ང་ཚོ་ཚང་མས་མཉམ་རུབ་ཀྱི་ཐོག་ནས་ལྷ་ཁང་ཆེན་མོ་འདི་བསྐྱར་གསོ་བྱ་རྒྱུ་ཡིན། དེ་ནི་ཧྥ་རན་སིའི་མི་མང་རྣམས་ཀྱི་རེ་འདུན་ཡིན་ལ། འབྱུང་འགྱུར་གྱི་ལོ་དེའི་ལས་འཆར་ཞིག་ཀྱང་ཡིན། གང་ཡིན་ཟེར་ན། དེ་ནི་ཧྥ་རན་སིའི་མི་མང་རྣམས་ཀྱི་དམིགས་ཡུལ་དང་། ང་ཚོའི་ལོ་རྒྱུས་ཀྱི་ཐོབ་ཆ་ཞིག་ཀྱང་ཡིན།  ཞེས་དང་། ང་ཚོས་སང་ཉིན་ནས་མགོ་འཛུགས་ཀྱིས་རྒྱལ་ཁབ་ཕྱི་ནང་གཉིས་ཀའི་མི་སྣ་འཇོན་ནུས་ཅན་རྣམས་ཀྱིས་ལྷ་ཁང་ཆེན་མོ་འདི་བསྐྱར་བསྐྲུན་བྱེད་པར་རེ་བ་རྒྱག་རྒྱུ་ཡིན། ཞེས་གསུངས་འདུག

ཕེ་རི་སི་གྲོང་ཁྱེར་གྱི་སྤྱི་ཁྱབ་ཨེ་ནི་ཧི་དྷལ་གྷོ་ (Anne Hidalgo) ལགས་ཀྱིས། ང་ཚོས་ཆིག་སྒྲིལ་གྱི་ཐོག་ནས་ལྷ་ཁང་ནང་གི་སྒྱུ་རྩལ་གྱི་རིག་དངོས་དག་སྐྱོབ་ཐུབ་སོང་། ད་ལྟའི་རིག་དངོས་དེ་དག་ཉེན་ཁ་མེད་པའི་ས་ཞིག་ན་ཉར་ཚགས་བྱས་ཡོད། ཅེས་དང་། འདི་ནི་འཛམ་གླིང་ཡོངས་ཀྱི་ཡིད་སྐྱོའི་གནས་ཚུལ་ཞིག་ཡིན། ནོར་ཊེ་ཌེམ་ལྷ་ཁང་ཆེན་མོ་ནི་ཕེ་རི་སི་ཡི་ལོ་རྒྱུས་ཧྲིལ་པོ་ཡིན། ཞེས་བརྗོད་འདུག

དེ་བཞིན་ཆོས་ལུགས་རིག་གནས་ཀྱི་ཆེད་མཁས་པ་སློབ་དཔོན་མེ་སི་མོ་ཧྥ་གྷིའོ་ལི་(Massimo Gaggioli) ཡིས། ད་ལན་གྱི་མེ་དེ་ནི་ཡེ་ཤུ་ཆོས་ལུགས་ཀྱི་སྙིང་ཁར་ཟུག་པའི་མེ་ཞིག་ཡིན། ཞེས་དང་། ནོ་ཊེ་རེ་ཌེམ་དང་ཕེ་རི་སི། ཧྥ་རན་སི་རྒྱལ་ཁབ་བཅས་ནི་ཡུ་རོབ་ཀྱི་ཡེ་ཤུའི་འཇིག་རྟེན་གྱི་ཆ་ཤས་གལ་ཆེན་ཞིག་ཡིན་པས། མེ་སྐྱོན་བྱུང་བ་ནི་སྐྱོ་གར་ཞིག་ཡིན། ཞེས་བརྗོད་ཡོད་འདུག

ཡེ་ཤུའི་ལྷ་ཁང་ཆེན་མོ་དེར་མེ་སྐྱོན་ཚབས་ཆེན་བྱུང་རྗེས། འཛམ་གླིང་རྒྱལ་ཁབ་ཁག་ཅིག་གི་སྲིད་འཛིན་དང་གནད་ཡོད་མི་སྣ། དེ་བཞིན་ཡེ་ཤུའི་རྗེས་འབྲང་བ་གཙོ་བོར་གྱུར་བའི་མི་མང་པོས་བློ་ཕམ་ཆེན་པོའི་ཐོག་ནས་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པ་མ་ཟད། གྷུ་ཁེ་(Gucci)རས་གོས་ཀྱི་ཚོང་བདག་ཁེ་རིན་སྤྱི་གཉེར་ཁང་ (Kering Group) གི་སྤྱི་གཉེར་བ་དང་འགན་འཛིན་ཕྱུག་བདག་ཧྥེ་རེན་ཁིའོ་སི་ཧེན་རི་པི་ནོལ་ཊི་ (Gancois-Henri Pinault) ལགས་ཀྱིས་ནོ་ཊེ་རེ་ཌེམ་བསྐྱར་གསོའི་ཆེད་ཡུ་སྒོར་དུང་ཕྱུར་ ༡ གནང་རྒྱུ་ཁས་ལེན་བྱས་ཡོད་པ་དང་། དེ་བཞིན་ཧྥ་རན་སིའི་ཌུ་པེ་ཊི་རི་མོན་ (Foundation du Patrimoine) ཞེས་པའི་ཐེབས་རྩས་རྒྱལ་སྤྱིའི་ཁྱོན་ལ་ལྷ་ཁང་ཞིག་གསོའི་ཆེད་མ་དངུལ་བསྡུ་རུབ་ཀྱི་ལས་གཞི་སྤེལ་རྒྱུ་ཡིན་འདུག
ནོ་ཊེ་རེ་ཌེམ་ལྷ་ཁང་ཆེན་མོ་དེ་ནི་ཧྥ་རན་སིའི་རྒྱལ་པོ་ལུ་ཨི་སི་བདུན་པའི་ (King Louis VII) སྐབས་ཏེ། དུས་རབས་ ༡༢ པའི་ཕྱི་ལོ་  ༡༡༦༣ ལོར་གསར་བཞེངས་མགོ་འཛུགས་ཀྱིས་ཕྱི་ལོ་ ༡༣༤༥ ལོར་ལེགས་པར་གྲུབ་ཡོད་པ་དང་། ལྷ་ཁང་ཆེན་མོ་དེ་ཉིད་ཀྱི་བཟོ་དབྱིབས་དང་། ཆེ་ཆུང་སོགས་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཏུ་གྱུར་ཏེ། ཧྥ་རན་སིའི་ཡེ་ཤུའི་ཆོས་དཔོན་གྱི་མ་དགོན་ལྟ་བུ་ཞིག་ཀྱང་ཡིན་འདུག ཕྱི་ལོ་ ༡༤༣༡ ལོར་ནོ་ཊེ་རེ་ཌེམ་ལྷ་ཁང་ཆེན་མོའི་ནང་དབྱིན་ཡུལ་གྱི་ཧེན་རི་དྲུག་པ་ (Henry VI) ཧྥ་རན་སིའི་རྒྱལ་པོར་བསྐོ་བཞག་གི་མཛད་སྒོ་བསྡུས་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༡༨༠༤ ལོར་ཧྥ་རན་སིའི་གསར་བརྗེ་སྐབས་ཀྱི་མགོ་འཁྲིད་གྲགས་ཆེན་ནཱ་པོ་ལེན་བྷོ་ན་པར་ཊི་ (Napoleon Bonaparte) ཡང་ལྷ་ཁང་དེའི་ནང་དུ་རྒྱལ་པོར་བསྐོ་བཞག་གི་མཛད་སྒོ་བསྡུས་ཡོད། ཧྥ་རན་སི་རྒྱལ་ཡོངས་ནང་དེ་ལྟ་བུའི་རྩ་ཆེའི་རིག་དངོས་ཤིག་མེད་པར་བརྗོད་ཀྱི་ཡོད་པ་དང་། ཕྱི་ལོ་༡༩༩༡ ལོར་ལྷ་ཁང་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་དངོས་སྲུང་སྐྱོབ་ཁོངས་སུ་ཚུད་ཡོད་པ་མ་ཟད། ལྷ་ཁང་ཆེན་མོ་དེར་ལོ་རེར་ཡུལ་སྐོར་བ་དང་གནས་སྐོར་སོགས་མི་གྲངས་ས་ཡ་ ༡༣ ལྷག་སླེབ་ཀྱི་ཡོད་པ་དང་། ཡུལ་སྐོར་བ་དང་གནས་མཇལ་བའི་གྲངས་ཧྥ་རན་སིའི་ཨེ་ཧྥེལ་ལྕགས་མདོང་ལས་ཀྱང་མང་བ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༤/༡༦

Leave a Reply