གསར་འགོད་རང་དབང་དམ་དྲག་འོག་ཏུ་ཡོད་པའི་སྙན་ཐོ་བཏོན།

ཧོང་ཀོང་མི་མང་བརྒྱ་ཆ་ ༧༠ ཙམ་གྱིས་རྒྱ་ནག་གཞུང་ནི་ཧོང་ཀོང་གི་གསར་འགོད་རང་དབང་རྨང་ནས་གཏོར་མཁན་ཡིན་པའི་ངོས་འཛིན་དང་སྦྲགས་གསར་འགོད་རང་དབང་ངོས་འཛིན་གྱི་ཚད་གཞི་དམའ་ཤོས་སུ་བསླེབས་འདུག དེ་རིང་ཧོང་ཀོང་གསར་འགོད་མཐུན་ཚོགས་ཀྱིས་གསར་འགོད་རང་དབང་གི་ལོ་འཁོར་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོ་དེ་ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་(HKU)གི་མི་མང་བསམ་ཚུལ་བསྡུ་ལེན་གྱི་ལེན་ཚན་ཞེས་པ་བརྒྱུད་ཞིབ་འཇུག་བྱས་པའི་གྲུབ་དོན་ཞིག་ཡིན་པ་དང་། འདི་ལོར་ལེ་ཚན་དེའི་ནང་ཧོང་ཀོང་གི་རང་དབང་གསར་ཁང་ ༣༠ ནས་ ༤༠ བར་གྱི་གསར་འགོད་པ་ཁྱོན་ ༥༣༥ དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འཐུས་མི་ ༡༠༠༣ ཙམ་ལ་ཧོང་ཀོང་གི་གསར་འགོད་རང་དབང་ཐོག་བསམ་ཚུལ་བསྡུ་ལེན་བྱེད་སྐབས།   གསར་འགོད་པ་བརྒྱ་ཆ་ ༨༡ གིས་ཧོང་ཀོང་གཞུང་ནས་གསར་འགོད་པ་མི་སྒེར་གྱི་རང་དབང་བཀག་སྡོམ་བྱས་ཏེ། ཧོང་ཀོང་རང་བཙན་དང་འབྲེལ་བའི་གསར་འགྱུར་རིགས་སྤེལ་བར་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། མི་མང་གི་གསར་འགོད་རང་དབང་ངོས་འཛིན་གྱི་ཚད་གཞི་བརྒྱ་ཆའི་ ༤༥ ལ་མར་ཆག་སྟེ། ད་བར་གྱི་སྙན་ཐོའི་ནང་གི་ཚད་གཞི་དམའ་ཤོས་དེ་ཆགས་ཡོད་སྐོར་བསྒྲགས་འདུག

ཞིབ་འཇུག་སྙན་ཐོ་དེའི་ནང་། འདས་ལོའི་ཕྱི་ཟླ་ ༧ པའི་ནང་། ཧོང་ཀོང་ཕྱི་སྲིད་འབྲེལ་མཐུད་ཁང་(Foreign Correspondents’ Club)གིས། དབྱིན་ཡུལ་གྱི་དཔལ་འབྱོར་དུས་བབ་གསར་འགོད་པ་ཝེག་ཊར་མལ་ཊི་(Victor Mallet)ལགས་ཧོང་ཀོང་ནང་གི་གསར་འགོད་རང་དབང་སྐོར་གྱི་གཏམ་བཤད་ཅིག་ལ་སྐད་གཏོང་སྐབས། རྒྱ་ནག་གཞུང་གིས་ཧོང་ཀོང་སྲིད་གཞུང་ལ་གནོན་ཤུགས་སྤྲད་དེ་གཏམ་བཤད་སྤེལ་དུ་བཅུག་མེད་པར་བརྟེན། ཧོང་ཀོང་མི་མང་བརྒྱ་ཆ་ ༧༠ ཙམ་གྱིས་སྐྱོན་བརྗོད་དང་། རྒྱ་ནག་གཞུང་ནི་ཧོང་ཀོང་གི་གསར་འགོད་རང་དབང་རྨང་ནས་གཏོར་མཁན་ཡིན་པའི་ངོས་འཛིན་བྱུང་ཡོད་སྐོར་བཀོད་འདུག

ཧོང་ཀོང་གི་གསར་འགོད་པ་བརྒྱ་ཆ་ ༨༡ གིས། ཧོང་ཀོང་གི་གསར་འགོད་རང་དབང་ལོ་རེ་བཞིན་དམ་དྲག་ནང་ལྷུང་གི་ཡོད་པ་དང་། གཙོ་བོ་སྲིད་གཞུང་གིས་སྤྱི་ཚོགས་ནང་གལ་གནད་ཆེ་བའི་གསར་འགོད་པ་མི་སྒེར་གྱི་འགྲོ་འདུག་སྤྱོད་གསུམ་བཀག་སྡོམ་དང་འབྲེལ་ཆེད་ལས་རང་བཞིན་གྱི་ཐོག་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་བསམ་ཚུལ་བཏོན་ཡོད་པ་དང་། ཡང་ཞིབ་འཇུག་ནང་ཆ་ཤས་ལེན་མཁན་མི་མང་བརྒྱ་ཆ་ ༦༩ ཡིས། ཧོང་ཀོང་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལ་ཁ་གཡར་ཏེ། གསར་འགོད་པར་གནོན་ཤུགས་སྤྲད་དེ་མི་མང་གི་གནས་ཚུལ་འགྲེམས་སྤེལ་བྱེད་འཇུག་གི་མེད་སྐོར་སོགས་བརྗོད་འདུག

ཧོང་ཀོང་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་ཁུ་རེ་སི་ལི་ཨན་(Chris Leung)ལགས་ཀྱིས། སྔོན་ཆད་ང་ཚོས་ཧོང་ཀོང་གི་གསར་འགོད་རང་དབང་རྩ་བརླག་གཏོང་ཐུབ་ཀྱི་མ་རེད་ཅེས་བཤད་མྱོང་། འོན་ཀྱང་། ད་ལྟའི་ཆར་གསར་འགོད་པ་དང་མི་མང་གིས་གསར་འགོད་རང་དབང་བརླག་འགྲོ་ཡི་ཡོད་པར་སེམས་ཚོར་ཆེན་པོ་ཡོང་གི་ཡོད་པ་དང་། སྲིད་གཞུང་གིས་གསར་འགོད་རང་དབང་གི་གནས་བབ་སྔར་བཞིན་ཡག་པོ་གནས་ཡོད་བསམ་གྱི་ཡོད་པས། མི་མང་དང་གཞུང་གཉིས་བར་གྱི་ངོས་འཛིན་བྱེད་སྟངས་ལ་ཁྱད་པར་ཆེན་པོ་ཞིག་ཤོར་ཡོད། ཅེས་བརྗོད་འདུག

ཡང་མཐུན་ཚོགས་དེའི་ཚོགས་གཞོན་ཤེར་ལེས་ཡམ་(Shirley Yam)ལགས་ཀྱིས། ང་ཚོས་བཅར་འདྲི་བྱས་པའི་གསར་འགོད་པའི་ཚོགས་སྡེ་རེ་ནས་མི་ ༣ ནས་ ༤ བར་ལ་གཞུང་ཕྱོགས་ནས་ཧོང་ཀོང་རང་བཙན་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་པའི་གནོན་ཤུགས་སྤྲད་ཡོད་པ་དང་།  གསར་ཁང་རེ་རེ་ཡི་ཧོང་ཀོང་རང་བཙན་དང་འབྲེལ་བའི་གསར་འགྱུར་ ༣ ནས་ ༤ བར་ཉུང་འཕྲི་བཏང་ཡོད་པས། ཁྱེད་ཀྱིས་གསར་འགྱུར་དེ་དག་གལ་ཆེན་རེད་བསམ་གྱི་མི་འདུག་གམ། མི་སྒེར་གྱི་རང་དབང་བཀག་སྡོམ་བྱེད་པ་ནི་ཆེས་ཐབས་རྡུགས་ཤིག་རེད། ཅེས་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༩ པའི་ནང་ཧོང་ཀོང་གཞུང་གིས་ཧོང་ཀོང་རྒྱལ་ཡོངས་དམངས་གཙོ་ཚོགས་པས་མི་མང་འདུ་འཛོམས་བྱེད་དུ་བཅུག་སྟེ་སྤྱི་ཚོགས་ནང་ཟིང་འཁྲུག་བསླངས་བ་དང་། ཧོང་ཀོང་རང་བཙན་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག  དམངས་གཙོ་ཚོགས་པ་གཞུང་འབྲེལ་ཆབ་སྲིད་ནང་ཞུགས་མི་ཆོག་པར་བཟོས་ཡོད་པ་དང་། སྐབས་དེར་རང་དབང་ཅན་གྱི་གསར་འགོད་པའི་ཚོགས་སྡེ་ཁག་གིས་ཀྱང་གསར་འགོད་རང་དབང་ལ་ཉེན་ཁ་ཡོད་པ་དང་། དམིགས་བསལ་རང་དབང་ལྡན་པའི་སྲིད་དོན་ཚོགས་པ་ཞིག་ཆབ་སྲིད་ནང་ཞུགས་པར་བཀག་འགོག་བྱས་པ་ནི། རྒྱ་ནག་གི་བཀོད་འདོམས་ལྟར་བསྒྲུབས་པ་ཞིག་ཡིན་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༨ ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་སྙན་ཐོ་ལྟར་ན། ཧོང་ཀོང་འཛམ་གླིང་གི་གསར་འགོད་རང་དབང་སྡུག་ཤོས་ཨང་ ༡༡༠ དང་། སྤྱིར་ཧོང་ཀོང་ལ་ཕྱི་ལོ་ ༢༠༤༩ བར་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གནས་བབ་སྤྲད་ཡོད་སྟབས། ཧོང་ཀོང་ནང་གསར་འགོད་རང་དབང་གུ་ཡངས་པོ་ཡོད་དགོས་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག ཧོང་ཀོང་གི་གསར་འགོད་རང་དབང་དམ་དྲག་ཆེན་པོའི་འོག་ཡོད་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༤/༡༨

Leave a Reply