ཐའེ་ཝན་ནང་ཚད་རིམ་དྲུག་ལྷག་གི་ས་ཡོམ་བྱུང་།

དེ་རིང་ཐའེ་ཝན་ས་གནས་གྱི་ཉིན་རྒྱབ་ཆུ་ཚོད་དང་པོ་ཙམ་གྱི་ཐོག ཐའེ་ཝན་ཤར་ཕྱོགས་མཚོ་འགག་ཏུ་ཆགས་ཡོད་པའི་ཧྭ་ལིན་གྲོང་ཁྱེར་ (Hualien) གྱི་ནུབ་བྱང་དུ་ས་ཡོམ་ཚད་རིམ་ ༦།༡ ཅན་ཞིག་བྱུང་སྟེ། གནས་སྐབས་རིང་ཁུལ་དེའི་སློབ་གྲྭ་ཁག་སྒོ་བརྒྱབས་པ་དང་མེ་འཁོར་འགྲུལ་བཞུད་མཚམས་བཞག་ཡོད་འདུགཐའེ་ཝན་དབུས་གནམ་གཤིས་བརྟག་དཔྱད་ལས་ཁུངས་ (Taiwan’s Central Weather Bureau) ཀྱི་གནས་ཚུལ་ལྟར་ན། ཚད་རིམ་ ༦།༡ ཅན་གྱི་ས་ཡོམ་དེ་ཐའེ་ཝན་གྱི་བྱུང་ཡོད་པ་དང་། དེའི་ཟབ་ཚད་སྤྱི་ལེ་ ༡༩ ཙམ་ཡིན་པས་འདི་ལོའི་ཐའེ་ཝན་ནང་བྱུང་བའི་ས་ཡོམ་ཤུགས་ཚད་ཆེ་ཤོས་དེ་ཡིན་སྐོར་བརྗོད་འདུག

ད་ལྟའི་བར་གྱི་གནས་ཚུལ་ཁག་གི་ནང་། འབྱུང་བའི་གོད་ཆག་དེའི་ཁྲོད་མི་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་གོ་ཐོས་མི་འདུག་ཀྱང་། ཕྱི་རྒྱལ་ཡུལ་སྐོར་བ་ ༢ རི་འཛེགས་སྐབས་ལམ་བར་ནས་རྡོ་ཉིལ་ཏེ་རྨས་སྐྱོན་བྱུང་ཡོད་པ་དང་། ཁང་པ་མང་པོའི་གནམ་གཅལ་གོག་པ་དང་གཞུང་ལམ་གས་ཆག་ཤོར་བ། ཆུ་སྦུག་དང་གློག་སྐུད་ཆད་པ་སོགས་བྱུང་ཡོད་འདུག་ལ། བདེ་འཇགས་སྲུང་སྐྱོབ་ཆེད་ས་ཡོམ་བྱུང་ཡུལ་གྱི་སྐོབ་གྲྭ་ཁག་གནས་སྐབས་རིང་སྒོ་བརྒྱབས་པ་དང་མེ་འཁོར་འགྲུལ་བཞུད་མཚམས་འཇོག་བྱས་ཡོད་འདུག

ས་ཡོམ་དེའི་འགུལ་ཤུགས་སྤྱི་ལེ་ ༡༡༥ ཙམ་གྱི་མཚམས་ན་ཡོད་པའི་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་ནང་དུའང་བསླེབས་ཡོད་པ་དང་། རྒྱལ་སའི་ནང་གི་ཁང་རྩེག་མཐོན་པོ་ཞིག་གི་རྩིག་རྨང་ལ་སྐྱོན་ཤོར་ཏེ་ཁང་རྩེག་གཞན་ལ་སྙེས་ནས་བསྡད་ཡོད་པ་དང་། ཁང་རྩེག་དེའི་ནང་གི་མི་རྣམས་བདེ་འཇགས་ངང་ཕྱིར་ཐོན་ཐུབ་ཡོད་འདུག

ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་(Tsai ing-wen)མཆོག་གི་སྒེར་གྱི་སྤྱི་ཚོགས་དྲ་གནས་ཐོག འབྲེལ་ཡོད་ལས་བྱེད་ནས་ས་ཡོམ་བྱུང་ཁུལ་དུ་གཟིགས་ཞིབ་ཀྱིས་གནས་ཚུལ་རྒྱུས་ལོན་དང་། གོད་ཆག་བྱུང་ཡུལ་དུ་མགྱོགས་མྱུར་ངང་རོགས་སྐྱོབ་དགོས་པའི་བཀའ་ཁྱབ་བསྒྲགས་འདུག

ཐའེ་ཝན་རྒྱ་ཡོངས་དམངས་གཙོ་འཕེལ་རྒྱས་ཚོགས་པའི་ཚོགས་གཙོ་སུ་ཚེང་ཁྲང་ (Su Tseng-chang) ལགས་ཀྱིས། སློབ་གྲྭ་དང་ལས་གནས། ཆུ་དང་གློག འགྲིམ་འགྲུལ་ས་ཚིགས་ཁག་ལ་ཞིབ་བཤེར་བྱས་ཡོད་པ་དང་། དེ་ཙམ་སྐྱོན་ཆེན་པོ་བྱུང་མི་འདུག་ཀྱང་ལམམ་ཁ་སེར་ཀ་ཤོར་ཡོད་པ་དེར་མི་འགྱངས་བར་ཆར་བ་གཏང་ཚེ་དཀའ་ངལ་ཆེན་པོར་འགྱུར་ངེས་པ་རེད། ཅེས་བརྗོད་འདུག

ས་ཡོམ་བྱུང་སའི་ཧྭ་ལིན་གྲོང་ཁྱེར་ (Hualien) ནི་ཐའེ་ཝན་གྱི་ཤར་ཕྱོགས་སུ་ཆགས་ཡོད་པ་དང་། ཐའེ་རྒྱ་གཉིས་ཀྱི་མཚོ་འགག་དང་ཉེ་བའི་རྒྱ་ནག་གི་གྲོང་ཁྱེར་ཁག་གི་ནང་དུའང་ས་འགུལ་བ་ཚོར་ཡོད་འདུག

འདས་ལོར་ཧྭ་ལིན་གྲོང་ཁྱེར་ (Hualien) ནང་ཚད་རིམ་ ༦།༤ ཅན་གྱི་ས་ཡོམ་ཞིག་བྱུང་སྟེ། མི་ ༡༧ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཐའེ་ཝན་ནང་དེ་སྔོན་ས་ཡོམ་ཚད་རིམ་མི་འདྲ་བ་མང་པོ་ཞིག་བརྒྱབས་ཡོད་འདུག ཉེ་བའི་ལོ་ཤས་ནས་བཟུང་མཚོ་གླིང་ནང་ས་ཡོམ་ཐེངས་མང་བྱུང་ཡོད་པ་དང་ཤུགས་ཚད་ཀྱང་ཆེ་རུ་ཕྱིན་ཡོད་འདུག ཐའེ་ཝན་གྱི་ལོ་རྒྱུས་ནང་ས་ཡོམ་གནོད་སྐྱོན་ཆེ་ཤོས་ནི། ཕྱི་ལོ་ ༡༩༣༥ ལོར་ས་ཡོམ་ཚད་རིམ་ ༧།༡ ཅན་ཞིག་བརྒྱབས་ཏེ་མི་གྲངས་ ༣༢༧༦ རྐྱེན་འདས་སུ་ཕྱིན་པ་དང་། ཕྱི་ལོ་ ༡༩༩༩ ལོར་ཚད་རིམ་ ༧།༦ ཅན་གྱི་ས་ཡོམ་ཞིག་བརྒྱབས་ཏེ་མི་གྲངས་ ༢༤༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༤/༡༨

Leave a Reply