འབར་རྫས་གཏོར་རྒོལ་ཁྲོད་མི་གྲངས་ ༢༩༠ རྐྱེན་འདས་སུ་སོང་།

ཤྲི་ལངྒའི་ནང་འབར་རྫས་འགད་གཏོར་དྲག་རྒོལ་ཐེངས་བརྒྱད་བྱུང་སྟེ་མི་གྲངས་ ༢༩༠ རྐྱེན་འདས་དང་ ༥༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

ཁ་སང་ཤྲི་ལངྒའི་ས་གནས་ཀྱི་ཞོགས་པའི་ཆུ་ཚོད་ ༨།༤༥ ཐོག ཤྲི་ལངྒའི་རྒྱལ་ས་ཁོ་ལོམ་བྷོ་(Colombo)དང་། ནེ་གྷོམ་བྷོ་རྫོང་(Negombo)། བྷ་ཊི་ཁ་ལོ་(Batticaloa)རྫོང་བཅས་ས་ཁུལ་མི་འདྲ་བ་གསུམ་དུ་ཡོད་པའི་ཡེ་ཤུའི་ལྷ་ཁང་ ༣ དང་། གསོལ་མགྲོན་ཁང་ ༤ ཁང་པ་དཀྱུས་མ་ཞིག་བཅས་ཀྱི་ནང་བསྟུད་མར་འབར་རྫས་གཏོར་རྒོལ་དོན་རྐྱེན་ཐེངས་བརྒྱད་བྱུང་སྟེ། ད་ལྟའི་ཆར་མི་གྲངས་ ༢༩༠ ལྷག་རྐྱེན་འདས་དང་། མི་གྲངས་ ༥༠༠ ལྷག་ལ་རྨས་སྐྱོན་ཆེན་པོ་ཐེབས་ཡོད་པ་དང་། ས་གནས་ཉེན་རྟོག་པས་ད་ལྟ་དྲག་རྒོལ་གྱི་དོན་རྐྱེན་ཆ་ཚང་ལ་རྟོག་ཞིབ་བྱེད་མུས་ཡིན་པ་མ་ཟད། དོགས་གཞི་ཅན་གྱི་མི་གྲངས་ ༢༤ ཙམ་འཛིན་བཟུང་བྱས་ཚར་ཡོད་སྐོར་བརྗོད་འདུག

འབར་རྫས་འགད་གཏོར་དོན་རྐྱེན་དེ་དང་འབྲེལ་ནས་ཤྲི་ལངྒའི་སྲིད་བློན་ར་ཎིལ་ཝི་ཁེ་རེ་མེ་སིང་(Ranil Wickremesinghe) ཡིས། ཐེངས་འདིའི་དྲག་རྒོལ་ནི་ཤྲི་ལངྒའི་རྒྱལ་ཁབ་དང་དེའི་དཔལ་འབྱོར་ཉམས་དམས་གཏོང་ཆེད་བརྩམས་པ་ཞིག་ཡིན་པ་དང་། ངས་སྲིད་གཞུང་གི་ཚབ་བྱས་ཏེ་དེ་རིང་ཞོགས་པར་རྨས་སྐྱོན་ཐེབས་པའི་མི་མང་དང་། ཁོ་ཚོའི་ནང་མི་སྤུན་མཆེད་རྣམས་ལ་སེམས་གསོ་བྱ་རྒྱུ་ཡིན། ཞེས་དང་། དེ་བཞིན་འབར་རྫས་གཏོར་རྒོལ་གྱི་དོན་རྐྱེན་བྱུང་རྗེས་ཤྲི་ངྒའི་སྲིད་བློན་གྱིས་རྒྱལ་ཡོངས་ནང་མི་མང་འདུ་འཛོམས་མི་ཆོག་པ་དང་། གནས་སྐབས་རིང་དྲ་རྒྱ་སོགས་བཀག་སྡོམ་བྱས་ཏེ། ཉེན་ཚབས་ཆེ་བའི་ས་གནས་ཁག་ཏུ་དམག་མི་འགྲེམས་འཇོག་གིས་ལྟ་སྲུང་ནན་མོ་དང་། མི་མང་ལ་ཡིད་གཟབ་དགོས་པའི་ཉེན་བརྡ་སོགས་བཏང་ཡོད་འདུག

དྲག་རྒོལ་དོན་རྐྱེན་དེའི་ཐད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་གཙོས་ཚོགས་སྡེ་ཁག་དང་མི་མང་སོགས་ཀྱིས་སེམས་གསོ་དང་རྐྱེན་འདས་སུ་སོང་བ་རྣམས་ལ་མྱ་ངན་ཤུགས་ཆེར་བྱེད་བཞིན་པ་མ་ཟད། འཇིགས་སྐུལ་གཏོར་རྒོལ་དོན་རྐྱེན་སློང་མཁན་ཚོར་ཉེས་ཆད་དྲག་པོ་གཏོང་དགོས་པའི་རེ་འདུན་སོགས་འདོན་གྱི་ཡོད་པ་དང་། ཤྲི་ལངྒའི་ཡེ་ཤུའི་ཆོས་དཔོན་ཁར་ཌི་ནལ་མེལ་ཁོམ་རན་ཇི་ཐི་ (Cardinal Malcolm Ranjith) ཡིས་སྲིད་གཞུང་གིས་འབར་རྫས་གཏོར་རྒོལ་བྱེད་མཁན་རྣམས་ལ་ཉེས་ཆད་དྲག་པོ་གཏོང་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་སྲིད་བློན་མུ་དྷི་ཡིས་དེ་ནི་ཀླ་ཀློའི་བྱེད་སྟངས་ཤིག་ཡིན་སྐོར་གྱི་སྐྱོན་བརྗོད་དང་། གཞན་ཁ་སང་དགོང་མོ་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིའི་ཨེ་ཧྥེལ་ལྕགས་མདོང་གི་གློག་སྒྲོན་ཁག་གཟུམ་ནས་གཏོར་རྒོལ་དོན་རྐྱེན་ཁྲོད་འདས་གྲོངས་སུ་སོང་བ་རྣམས་ལ་མྱ་ངན་གུས་འདུད་སོགས་ཞུས་ཡོད་འདུག

ད་ལན་གྱི་འབར་རྫས་གཏོར་རྒོལ་དེ་ནི་ལོ་ངོ་ ༡༠ ཡར་སྔོན་གྱི་ཤྲི་ལང་ཀའི་ནང་འཁྲུག་དོན་རྐྱེན་རྗེས་ཀྱི་གནོད་ཚབས་ཆེ་ཤོས་དེ་ཆགས་ཡོད་པ་དང་། ཐེངས་འདིའི་དོན་རྐྱེན་དེ་ཡེ་ཤུའི་སྟོན་པ་མ་ཤཱི་ཀའི་འདས་ལོག་གི་ཉིན་མོ་དང་བསྟུན་ཡེ་ཤུའི་ལྷ་ཁང་ཁག་ཅིག་གཙོ་དམིགས་སུ་བཟུང་ནས་བྱུང་ཡོད་སྟབས། མི་མང་པོས་འབར་རྫས་གཏོར་རྒོལ་དོན་རྐྱེན་དེ་ཡེ་ཤུའི་རྗེས་འབྲང་བ་རྣམས་ལ་དམིགས་པ་ཞིག་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། ཡང་ཤྲི་ལངྒའི་སྲིད་བློན་ལགས་ཀྱིས་འབར་རྫས་དོན་རྐྱེན་དེ་འབྲེལ་ཡོད་ལས་ཁུངས་ཁག་གིས་དེ་སྔོན་ནས་ཤེས་རྟོགས་བྱུང་ཡོད་ཀྱང་། དེར་སྣང་མེད་ཀྱིས་གྲ་སྒྲིག་སོགས་གང་ཡང་བྱས་མེད་པ་དང་། གནད་དོན་དེའི་ཐོག་འབྲེལ་ཡོད་ལས་ཁུངས་ཁག་གིས་ཞིབ་འཇུག་མཐར་ཕྱིན་པ་ཞིག་བྱེད་དགོས་སྐོར་བརྗོད་ཡོད་པ་མ་ཟད། ཨ་རིའི་སི་ཨན་ཨན་གསར་ཁང་གིས་བཏོན་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཤྲི་ལངྒའི་སྤྱི་ཁྱབ་ཉེན་རྟོག་གཞོན་པས་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་ལ་གཞུང་འབྲེལ་བརྡ་ཡིག་ཅིག་བསྐུར་ཏེ། བདེ་སྲུང་ལྷན་ཁང་གི་གསང་བའི་ལས་ཁུངས་ལ་འབྱོར་བའི་གནས་ཚུལ་ནང་། རྒྱལ་ཁབ་ཀྱི་ཐ་ཝ་ཧི་དྷི་ཇཱ་མཱན་ཚོགས་པའི་ (Nations Thwahid Jaman) མགོ་འཁྲིད་མོ་ཧོ་མཱཌ་སཱ་ཧཱ་རན་(Mohomad Saharan) གྱིས་རང་ཤི་གཏོར་རྒོལ་བྱ་རྒྱུའི་འཆར་གཞི་ཡོད་ཚུལ་འཁོད་ཡོད་པ་དང་། འབྲེལ་ཡོད་རྣམ་པས་དེར་དམིགས་བསལ་དོ་སྣང་བྱས་ཏེ་རང་རང་གི་ས་གནས་ས་ཁུལ་ཁག་ལ་དོགས་ཟོན་ཉེན་སྲུང་སྔར་ལྷག་བྱེད་དགོས་སྐོར་བརྗོད་ཡོད་འདུག

ཤྲི་ལངྒ་ནི་རྒྱ་གར་གྱི་ལྷོ་རུ་ཆགས་པའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་པ་དང་། ཕྱི་ལོ་ ༡༩༤༨ ལོར་དབྱིན་ཇིའི་བཙན་དབང་འོག་ནས་ཐར་ཏེ་རང་བཙན་གཙང་མའི་རྒྱལ་ཁབ་ཆགས་ཡོད་པ་དང་། ཤྲི་ལངྒའི་མི་འབོར་བརྒྱ་ཆ་ ༧༠ ནང་པ་དང་གཞན་རྒྱ་གར་ལྷོ་རྒྱུད་ནས་མཆེད་པའི་ཏཱ་མིལ་(Tamil) མི་རིགས་སོགས་ཡོད་པ་དང་། ནང་པ་དང་ཏྭ་མིལ་གཉིས་བར་ལོ་ངོ་ ༣༠ ལྷག་རིང་ནང་འཁྲུག་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོར་ཤྲི་ལངྒ་གཞུང་གིས་ཏཱ་མིལ་མི་རིགས་ཀྱི་ཁེ་དབང་རྩོད་མཁན་ཏཱ་མིལ་སྟག་རྒོད་ (Tamil Tigers) ཅེས་པའི་དམག་སྡེ་ཞིག་ཡོད་པ་ཡོངས་སུ་ཕམ་ཉེས་བཏང་སྟེ། ལོ་ངོ་ ༣༠ ལྷག་གི་ནང་འཁྲུག་དེ་མཚམས་འཇོག་ཐུབ་ཡོད་ཀྱང་། ད་ལྟ་ཡང་ཤྲི་ལངྒའི་ནང་པའི་ཁྲོད་ཏཱ་མིལ་ཁ་ཆེའི་མི་རིགས་ལ་འཁོན་འཛིན་བྱེད་མཁན་དང་། ཤྲི་ལངྒའི་ཁ་ཆེའི་མི་འབོར་དེ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པར་སེམས་འཚབ་སྐྱེ་ཡི་ཡོད་འདུག དེ་ཡང་འདས་ལོའི་ཕྱི་ཟླ་ ༣ ཚེས་ ༦ ཉིན་ཤྲི་ལངྒའི་ཀཱན་ཌི་ (Kandy) རྫོང་དུ་ནང་པའི་མི་མང་པོ་ཞིག་གིས་ཁ་ཆེའི་ཚོང་ཁང་དང་སྡོད་ཁང་། ལྷ་ཁང་བཅས་ལ་དྲག་རྒོལ་བྱས་པར་བརྟེན། ཤྲི་ལངྒ་གཞུང་ངོས་ནས་གནད་དོན་ཆེན་པོ་མི་ལྷག་ཆེད་རྒྱལ་ཡོངས་ཛ་དྲག་གསལ་བསྒྲགས་ཀྱིས་ཉེན་སྲུང་སོགས་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༤/༢༢

Leave a Reply