ལྡི་ལི་བོད་ཁྱིམ་སྡོད་ཁང་དུ་བདུན་གཅིག་རིང་སྐུ་ངལ་གསོ་ཡི་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྡི་ལི་བོད་ཁྱིམ་སྡོད་ཁང་ནས་བདུན་གཅིག་རིང་སྐུ་ངལ་གསོས་ཏེ་ཕྱི་ཚེས་ ༢༧ ཉིན་ཕྱིར་བཞུགས་སྒར་དྷ་རམ་ས་ལར་ཕེབས་འཆར་འདུག 

དེ་རིང་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལྡི་ལིའི་ཤཱི་རཱ་ཊོན་(Sheraton Hotel)གསོལ་མགྲོན་ཁང་ནས་ལྡི་ལི་བོད་ཁྱིམ་སྡོད་ཁང་དུ་ཆིབས་བསྒྱུར་གནང་ཡོད་པ་དང་། ད་ལྟའི་ཆར་སྐུའི་སྙུན་གཞི་དྲག་སྐྱེད་ཡོངས་སུ་བཞེས་ཡོད་སྟབས། དུན་གཅིག་རིང་སྐུ་ངལ་གསོས་རྗེས་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཕྱིར་བཞུགས་སྒར་དྷ་རམ་ས་ལར་ཕེབས་འཆར་ཡོད་འདུག

འདི་གའི་གསར་འགོད་པར་སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ནས། ད་ལྟ་༧གོང་ས་མཆོག་གི་སྐུ་གཟུགས་གནས་སྟངས་དཔེ་ཡག་པོ་ཡོད་པ་དང་། ལྡི་ལི་བོད་ཁྱིམ་སྡོད་ཁང་དུ་གཟིམ་ཆུང་ཡང་ཡག་པོ་ཡོད་པས་འདིར་སྐུ་ངལ་གསོ་རྒྱུ་གཅིག་པོའི་ཆེད་དུ་རེད། ཅེས་དང་། ཡང་ཁོང་ལ་ལྡི་ལིར་བཞུགས་རིང་ཡང་བསྐྱར་སྨན་ཁང་དུ་བསྟེན་གཏུགས་ཆེད་ཕེབས་དགོས་མིན་དྲིས་པར་ཁོང་གིས། ཕེབས་དགོས་མ་རེད། ཕེབས་དགོས་ཀྱི་མི་འདུག སྐུའི་འཕྲོད་བཞེས་དཔེ་ཡག་པོ་འདུག ཅེས་གསུངས་བྱུང་།

ཡང་དགའ་ལྡན་ཕོ་བྲང་གི་གསར་འགོད་དྲུང་ཆེ་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལྡི་ལི་བོད་ཁྱིམ་སྡོད་ཁང་དུ་ཕེབས་གནང་ཡོད་པ་དང་། ལྡི་ལི་བོད་ཁྱིམ་དུ་བདུན་ཕྲག་གཅིག་རིང་སྐུ་ངལ་གསོས་ཏེ་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་བཞུགས་སྒར་དྷ་རམ་ས་ལར་ཞབས་སོར་འཁོད་གནང་རྒྱུ་ཡིན་པ་དང་། ད་ལྟའི་ཆར་བརྙན་ལམ་སོགས་ནས་མཐོང་བ་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་གཟུགས་དྭངས་གསལ་རེད་འདུག ཅེས་གསུངས་བྱུང་།

ཟླ་འདིའི་ཕྱི་ཚེས་ ༩ ཉིན་༧གོང་ས་མཆོག་སྙུན་གཞིའི་རྐྱེན་པས་ལྡི་ལིར་སྨན་བཅོས་གནང་བར་ཕེབས་དགོས་བྱུང་པ་དང་། ཕྱི་ཚེས་ ༡༢ ཉིན་སྐུའི་སྙུན་གཞི་དྲག་སྐྱེད་བྱུང་སྟེ། ད་བར་ལྡི་ལིའི་ཤཱི་རཱ་ཊོན་(Sheraton Hotel)གསོལ་མགྲོན་ཁང་དུ་སྐུ་ངལ་གསོས་ནས་བཞུགས་གནང་མཛད་ཡོད་པ་དང་། སྙུན་གཞི་བཞེས་རིང་བོད་ཕྱི་ནང་གཉིས་ཀྱི་བོད་མི་སེར་སྐྱ་མི་མང་དང་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་དོ་འཁུར་ཅན་མང་པོས་༧གོང་ས་མཆོག་གང་མགྱོགས་དྲག་སྐྱེད་ཡོང་བར་ཞབས་བརྟན་བསྒྲུབས་ཡོད་པ་དང་། དེ་བཞིན་སྤྱི་ཚོགས་དྲ་ལམ་སོགས་སུ་གོང་ས་མཆོག་གི་མཛད་འཆར་རྣམས་ཉུང་འཕྲི་དགོས་པའི་བསམ་ཚུལ་དང་འབོད་སྐུལ་སྔར་ལས་མང་པོ་བྱུང་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་དང་འབྲེལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ངལ་གསོ་གནང་མཛད་དགོས་ན། ང་ཚོ་བོད་མི་མི་རེ་ངོ་རེས་འགན་འཁུར་ནས་ལག་བསྟར་བྱེད་དགོས་པ་དང་། བཞུགས་སྒར་དྷ་སར་སྡོད་མཁན་བོད་མི་ཚོས་ནང་མི་སྤུན་མཆེད་ཁྲིད་ནས་གཟིམ་ཆུང་མཇལ་ཁ་ཞུས། མཇལ་ཁ་ཞུས་པའི་སྐུ་པར་དེ་ངོ་དེབ་སྟེང་བཞག་པ་སོགས་བྱེད་སྟངས་དེ་ངོ་ཚ་དགོས་པ་ཞིག་ཡིན་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ག་དུས་ཡིན་ནའང་གསུང་ཆོས་གནང་གི་ཡོད་པ་དང་། ད་དུང་ཁོང་ཉིད་ལ་མཛད་དཀའ་བཟོས་ན་འགྲིག་གི་མེད་པ་སོགས། ཚང་མས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐུ་ངལ་གསོ་གནང་མཛད་བཅུག་དགོས་སྐོར་གསུངས་འདུག

སྐུ་སྒེར་དྲ་བའི་སྟེང་གི་མཛད་འཆར་ལྟར་ན། ཕྱི་ཟླ་ ༥ ཚེས་ ༡༠ ནས་ ༡༣ བར་ཉིན་གྲངས་ ༣ རིང་བཞུགས་སྒར་དུ་ཨུ་རུ་སུའི་དད་ལྡན་མང་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་རྒྱུད་བླ་མའི་གསུང་ཆོས་བསྩལ་རྒྱུ་དང་། ཕྱི་ཟླ་ ༦ པའི་ཚེས་ ༣ ནས་ ༤ ཉིན་ ༢ རིང་བོད་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དང་། ཕྱི་ཚེས་ ༥ ཉིན་རྫོང་དཀར་ཆོས་སྡེ་ནས་གསོལ་འདེབས་ཞུས་དོན་ལྟར་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་། དེ་བཞིན། ཕྱི་ཚེས་ ༡༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚོགས་པ་ཁག་གཉིས་ནས་བརྟན་བཞུགས་བསྟར་འབུལ་དང་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༤/༢༢

Leave a Reply

One thought on “ལྡི་ལི་བོད་ཁྱིམ་སྡོད་ཁང་དུ་བདུན་གཅིག་རིང་སྐུ་ངལ་གསོ་ཡི་འདུག