འཚམས་འདྲིའི་ཡི་གེ་རྫུན་མ་རེད་ཅེས་གསལ་བསྒྲགས་གནང་།

སྲིད་བློན་མཆོག་གི་རྒྱབ་སྐྱོར་ཡོད་ལུགས་ཀྱི་འཚམས་འདྲིའི་ཡི་གེ་རྫུན་མ་ཞིག་བེད་སྤྱད་དེ་མགོ་སྐོར་དང་སྤྱི་ཚོགས་ཁ་འཐོར་དུ་གཏོང་ཐབས་བྱེད་བཞིན་པར་སེམས་འཚབ་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་དགོང་མོར་ཁ་ན་ཌའི་རྒྱལ་ས་ཊོ་རོན་ཊོ་གྲོང་ཁྱེར་ནང་། བོད་མི་དང་རྒྱ་མི་སྐོར་ཞིག་གིས་ཁ་ན་ཌ་བོད་རིགས་སྤུན་ཟླ་མཛའ་འབྲེལ་ཚོགས་པ་ (Tibetan Association of Canada) ཟེར་བའི་ཚོགས་པ་ཞིག་སྒོ་འབྱེད་ཀྱི་མཛད་སྒོ་བསྡུས་ཡོད་པ་དང་། ཕྱིས་སུ་ཁ་ན་ཌའི་སྲིད་བློན་ཇ་སི་ཊན་ཏུ་རུ་ཌོ་(Justin Trudeau)མཆོག་དང་། ཕྱི་མི་གནས་སྤོར་ལྷན་ཁང་གི་བློན་ཆེན་ཨཱ་མེཌ་ཧུ་སེན་(Ahmed Hussen) ལགས་གཉིས་ཀྱིས་ཚོགས་པ་དེར་རྒྱབ་སྐྱོར་གནང་ཡོད་ལུགས་ཀྱི་མཚན་རྟགས་བཀོད་པའི་འཚམས་འདྲིའི་ཡི་གེ་ཞིག་སྤྱི་ཚོགས་དྲ་ལམ་དུ་བཀྲམས་ཡོད་ཀྱང་། ཁ་སང་ཁ་ན་ཌའི་སྲིད་བློན་ལས་ཁུངས་ནས་ཡི་གེ་དེ་རྫུན་མ་ཡིན་པ་གསལ་བསྒྲགས་གནང་འདུག

ཁ་ན་ཌའི་སྐར་མ་ (The Star) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཁ་ན་ཌའི་སྲིད་བློན་ལས་ཁུངས་ཀྱི་གསར་འགོད་དྲུང་ཆེ་ཨམ་རི་ཊི་ཀོར་ (Amreet Kaur) ལགས་ཀྱིས།  སྲིད་བློན་མཆོག་གིས་ཁ་ན་ཌ་བོད་རིགས་སྤུན་ཟླ་མཛའ་འབྲེལ་ཚོགས་པ་ཟེར་བ་དེར་འཚམས་འདྲིའི་ཡི་གེ་བསྐུར་མེད་པ་དང་། ང་ཚོའི་ལས་ཁུངས་ཀྱིས་གནད་དོན་དེར་ཞིབ་འཇུག་བྱེད་བཞིན་ཡོད། ཅེས་བརྗོད་འདུག དེ་བཞིན་གོ་ལ་དང་ཆ་འཕྲིན་ (The Globe and Mail) ཞེས་པའི་གསར་ཁང་གིས་དེའི་སྐོར་སྤེལ་བའི་ནང་། ཁ་ན་ཌའི་ནང་རྟེན་གཞི་བྱས་པའི་བོད་པའི་ཚོགས་པ་ལྔ་ཡིས་སྲིད་བློན་ལས་ཁུངས་ལ་ཡི་གེ་ཞིག་ཕུལ་བའི་ནང་། ཁ་ན་ཌའི་སྲིད་བློན་མཆོག་གི་རྒྱབ་སྐྱོར་ཡོད་ལུགས་ཀྱི་རྒྱབ་གཉེར་ཡི་གེ་ཞིག་བེད་སྤྱོད་བྱས་ཏེ། ཁ་ན་ཌའི་མི་སེར་རྣམས་ལོག་པའི་ལམ་དུ་འཁྲིད་བཞིན་ཡོད་པ་དེར་སེམས་འཚབ་ཡོད་སྐོར་དང་། རྒྱ་ནག་དམར་ཤོག་དང་གཞུང་གི་རྒྱབ་སྐྱོར་ཆེན་པོ་ཡོད་པའི་ཚོགས་པ་དེའི་དམིགས་ཡུལ་ནི་ཁ་ན་ཌའི་བོད་མིའི་སྤྱི་ཚོགས་ཁ་འཐོར་དུ་གཏོང་རྒྱུ་དེ་རེད། ཅེས་བརྗོད་འདུག

སྤྱི་ཚོགས་དྲ་ལམ་དུ་བཀྲམས་པའི་འཚམས་འདྲིའི་ཡི་གེ་རྫུན་མ་དེའི་ནང་དུ། ཁ་ན་ཌ་བོད་རིགས་སྤུན་ཟླ་མཛའ་འབྲེལ་ཚོགས་པ་ནི་བོད་རིགས་ཁག་ཅིག་གིས། ཁ་ན་ཌའི་ནང་གནས་སྡོད་བོད་མི་ཚོ་མཉམ་འདུས་དང་རྒྱ་ནག་གི་མི་རིགས་འདྲ་མིན་གྱི་སྤྱི་ཚོགས་མཉམ་འདུས། དེ་བཞིན་རྒྱ་རིགས་སྤྱི་ཚོགས་ཀྱི་གོམས་སྲོལ་དང་ཁ་ན་ཌའི་ཡར་རྒྱས་ལ་སྤོབས་པ་སྐྱེ་ཆེད་བཙུགས་པ་རེད། གོམས་སྲོལ་འདྲ་མིན་མཉམ་འདུས་ནི་ཁ་ན་ཌའི་སྟོབས་ཤུགས་ཡིན་པས། རྒྱལ་ཁབ་འདིའི་ནང་བོད་མིའི་ཤུལ་བཞག་གོམས་སྲོལ་དག་མཉམ་འབྲེལ་དང་། ཕན་ཚུན་སྐུལ་འདེད་ཐོག་བདག་གཅེས་དང་དར་སྤེལ་གཏོང་བར་རེ་སྐུལ་བྱེད་ཀྱི་ཡོད། ཅེས་སོགས་བྲིས་ཡོད་འདུག

ཁ་སང་ཁ་ན་ཌའི་ནང་ཡོད་པའི་ (Canada Tibet Committee) ཚོགས་པ་ཡི་གཞུང་འབྲེལ་དྲ་རྒྱའི་ཐོག ཁ་ན་ཌ་བོད་རིགས་སྤུན་ཟླ་མཛའ་འབྲེལ་ཚོགས་པ་ (Tibetan Association of Canada) ཟེར་བ་ཞིག་མགོ་འཛུགས་གསལ་བསྒྲགས་དང་། ས་གནས་བོད་མིའི་སྐུ་ཚབ་མཚོན་ཚུལ་བརྗོད་པ་དེར་ཚོགས་མི་བོད་རིགས་ཁྲི་གཅིག་ལྷག་ཡོད་པའི་ཚོགས་པ་དེའི་ངོས་ནས་ཧ་ཅང་བློ་ཕམ་ཡོད་པ་དང་། དོན་དངོས་ཐོག་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་ཡོད་པའི་ཚོགས་པ་འདིའི་ཐབས་བྱུས་ནི། ཁ་ན་ཌའི་ནང་གནས་སྡོད་བོད་རིགས་སྤྱི་ཚོགས་ཁ་འཐོར་དུ་གཏོང་རྒྱུ་ཙམ་མ་ཟད། ཁ་ན་ཌའི་མཐོ་རིམ་དཔོན་རིགས་ཚོའི་བསམ་བློའི་ནང་ཚོགས་པ་གསར་པ་འདིས་དངོས་གནས་བོད་མིའི་སྐུ་ཚབ་མཚོན་ཡོད་ས་རེད་བསམ་པའི་མགོ་སྐོར་ཐེབས་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་དང་དམར་ཤོག་ཚོགས་པས་འདི་དང་གཅིག་མཚུངས་ཀྱི་སྲིད་བྱུས་ཤིག་ཨ་རིའི་ནང་དུའང་ལག་བསྟར་བྱས་ཡོད་པ་རེད། ཅེས་བཀོད་འདུག

ཁ་ན་ཌའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསོད་ནམས་ཆོས་སྐྱིད་ལགས་ཀྱིས་གསར་འགོད་པར། ཚོགས་པ་དེས་འདིར་གནས་སྡོད་བོད་མི་ཕལ་ཆེ་བའི་ངོ་ཚབ་བྱེད་ཐབས་མེད་པ་དང་།  ང་ཚོར་མཚོན་ན། ཚོགས་པ་དེས་ཁ་ན་ཌའི་ནང་དུ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་རིགས་སྤེལ་ཐབས་བྱེད་ཀྱི་ཡོད་པ་དེ་ནི་སེམས་འཚབ་དང་དཀའ་ངལ་ཞིག་ཏུ་གྱུར་ཡོད་སྐོར་བརྗོད་འདུགཕྱི་ཚེས་ ༢༠ ཉིན་གྱི་ཚོགས་པ་སྒོ་འབྱེད་ཀྱི་མཛད་སྒོ་དེའི་ཐོག ཊོ་རོན་ཊོ་གྲོང་ཁྱེར་ལྷན་ཚོགས་ཀྱི་ཚོགས་མི་ཇིམ་ཀར་གྷེ་ནི་སི་ (Jim Karygiannis) དང་། ཨོན་ཊེ་རིའོ་མངའ་སྡེའི་གྲོས་ཚོགས་འཐུས་མི་ (Vincent Ke) སོགས་ས་གནས་ཀྱི་མགོ་འཁྲིད་ཁག་ཅིག་འཛོམས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། སྐབས་དེར་ཁ་ན་ཌ་བོད་རིགས་སྤུན་ཟླ་མཛའ་འབྲེལ་ཚོགས་པ་ཟེར་བ་དེའི་ཚོགས་གཙོ་རྡོ་རྗེ་བསྟན་འཛིན་ཟེར་བའི་བོད་རིགས་ཤིག་གིས་དབྱིན་སྐད་ཀྱི་གཏམ་བཤད་སྤེལ་སྐབས། འདི་ལོ་ནི་དམིགས་བསལ་གྱི་ལོ་ཞིག་ཡིན་པ་རེད། བོད་ནང་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བ་དང་། འདས་པའི་རིང་རྒྱ་ནག་གཞུང་གི་རྒྱབ་སྐྱོར་དང་རོགས་རམ་ལ་བརྟེན་ནས་བོད་ལ་འགྱུར་བ་ཆེན་པོ་ཐེབས་ཡོད། དཔེར་ན་བོད་མིའི་འཚོ་གནས་དང་དཔལ་འབྱོར་གྱི་གནས་སྟངས། ཆོས་དད་རང་དབང་སོགས་མང་པོའི་ཐད་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་རེད། ཅེས་དང་། ཚོགས་པ་དེའི་དམིགས་ཡུལ་ནི་རྒྱལ་ཁབ་བསྐྱར་དུ་གཅིག་གྱུར་ལ་འབད་བརྩོན་དང་ཁ་བྲལ་ལ་ངོ་རྒོལ་བྱ་རྒྱུ་དེ་ཡིན། ཞེས་བརྗོད་འདུག

ཁ་ན་ཌ་བོད་རིགས་སྤུན་ཟླ་མཛའ་འབྲེལ་ཚོགས་པ་ཟེར་བ་དེ་ཁ་ན་ཌར་རྟེན་གཞི་བྱས་པའི་ཊོ་རོན་ཊོའི་ཕྱི་སྡོད་རྒྱ་རིགས་མཐུན་ཚོགས་ (Confederation of Toronto Chinese Canadian Organizations) ཟེར་བ་དེའི་ཁོངས་གཏོགས་ཤིག་ཡིན་པ་དང་། མཐུན་ཚོགས་དེའི་ཁོངས་སུ་རྒྱ་རིགས་ཚོགས་པ་ ༩༠ ཡོད་ལུགས་དང་། ཚོགས་པ་སྒོ་འབྱེད་ཀྱི་མཛད་སྒོའི་ཐོག་ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི་མེས་རྒྱལ་གཅིག་འགྱུར་ལ་འབད་བརྩོན་དང་། རྒྱལ་ཁབ་ཁ་བྲལ་རིང་ལུགས་ལ་ཁ་གཏད་གཅོག་རྒྱུ་དེ་ཡིན་སྐོར་བརྗོད་ཡོད་པ་དང་། ཁ་ན་ཌ་ཙམ་མིན་པར་བྱང་ཨ་རིའི་ནང་རྒྱ་ནག་གཞུང་གི་རྒྱབ་སྐྱོར་འོག་བྱང་ཨ་རིའི་བོད་རིགས་སྤུན་ཟླ་ཚོགས་པ་ ( North America Tibetan Association) ཟེར་བ་ཞིག་བཙུགས་ཡོད་པ་དང་། ཚོགས་པ་དེའི་ཚོགས་གཙོ་དོལ་རྒྱལ་རྗེས་འབྲང་བ་ཡིན་ཟེར་མཁན་བདེ་ཆེན་སྤྲུལ་སྐུ་ཟེར་བ་དེ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་དང་ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༤/༢༥

Leave a Reply

3 thoughts on “འཚམས་འདྲིའི་ཡི་གེ་རྫུན་མ་རེད་ཅེས་གསལ་བསྒྲགས་གནང་།

  1. ༄༅། རྒྱ་དམར་པོས་སྐྱག་རྫུན་ཤ་སྟག་བཤད་དེ་བོད་དེ་བཙན་བཟུང་བྱས་།
    ད་དུང་་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱག་རྗུན་དང་ཁྲིམས་བརྒལ་བྱས་དང་བྱེད་བཞིན་པ་རེད།
    ཀེ་ན་ཀྲའི་སྲིད་འཛིན་གྱི་མཚན་རྐུ་མ་བརྒྱབ་ནས་ཡི་གེ་རྫུན་མ་བཟོས་ཏེ་ཚོགས་
    འཛོམས་བྱས་པ་ནི་ཁྲིམས་བརྒལ་དང་སྐྱག་རྫུན་རིང་ལུགས་པའི་ངན་མདོག་དེ་འཛམ་གླིང་ཡོངས་ལ་
    བསྒྲགས་པ་ཞིག་རེད། ཞབས་འདྲེན་། ངོ་ཚ་མེད་པ། ཁྲིམས་བརྒལ། ཀླད་སྟོང། ཀླ་ཀློ་། སྡུག་རྩུབ་པ།
    སྙིང་རྗེ་མེད་པ། སྡིག་ཅན། སྐྱག་རྗུན་རིང་ལུགས་པ་མིན་ན་གང་ཡིན།

  2. གཞུང་འབྲེལ་གྱི་ལས་ཤོག་རྫུན་བཟོ་བྱེད་ན་སྤྱི་ཚོགས་ཀྱིས་ཡིད་ཆེས་བྱེད་ཆོག་པའི་གསར་འགྱུར་ནང་ལ་མ་བཏོན་པ་གང་ཡིན་ནམ།

  3. ༄༅། སྙིང་རྗེ་རང་འཚོ་མི་ཐུབ་པར་དགྲ་རྒྱ་དམར་ལ་མགོ་སྒུར་ནས་ཉིནལྟོ་འདང་ཙམ་གྱི་སྒོར་མོ་ལེན་ནས་
    བོད་པར་མཚན་སྨད་བརྗོད་མཁན་་་་བདེ་ཆེན་སྤྲུལ་སྐུ་མ་རེད། (གླང་རྒན་སྤྲུལ་རྐུ་རེད།)
    ཐབས་སྐྱོ་བ་ལ། ངོ་ཚ།