༧པཎ་ཆེན་ཡང་སྲིད་ཆེད་ཞི་བའི་གོམ་བགྲོད་གནང་།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་གྱི་ས་གནས་ཁག་ལྔ་ནས་༧པཎ་ཆེན་ཡང་སྲིད་མཆོག་གི་ཆེད་དུ་ཞི་བའི་གོམ་བགྲོད་ལས་འགུལ་མགོ་བཙུགས་ཡོད་པ་རེད།༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན། དེ་རིང་སྔ་དྲོའི་ཆུ་ཚོད་ ༨ པའི་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དཔའ་བོའི་རྡོ་རིང་མདུན་དུ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་ཤྲི་རམ་སཱ་རུབ་མཆོག དེ་བཞིན་ཕྱོགས་བཞུགས་སྤྱི་འཐུས་དང་། མི་མང་བཅས་འཛོམས་འདུག

མཛད་སྒོའི་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ལགས་ཀྱིས། བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་ཡོངས་ཀྱི་གསར་འགོད་བསྒྲགས་གཏམ་སྒྲོག་སྦྱང་བྱས་པའི་ནང་། དེ་རིང་ནི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་གྱི་ཉིན་མོ་ཞིག་ཡིན་ལ། ༧མགོན་པོ་གང་ཉིད་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ ༢༤ ཙམ་འཁོར་བའི་སྐྱོ་གར་གྱི་ཉིན་མོ་ཞིག་ཀྱང་ཡིན་པ་རེད། ཉེ་ཆར་རྒྱ་གཞུང་ནས་གནས་ཚུལ་མཁོ་འདོན་བྱས་པ་ལྟར་ན། ཕྱི་ལོ་༢༠༡༥ ལོར་ྋཔཎ་ཆེན་རིན་པོ་ཆེ་མཆོག་དེང་དུས་ཀྱི་སློབ་སྦྱོང་བྱེད་བཞིན་པ་དང་། ཁོང་གི་ཡབ་ཡུམ་རྣམ་གཉིས་ནས་ཀྱང་ཁོང་ལ་ཕྱི་ལོགས་ནས་འགོག་རྐྱེན་བཟོ་རྒྱུར་འདོད་མོས་གནང་གི་མེད་པའི་སྐོར་སྤེལ་ཡོད། གནས་ཚུལ་དེ་དག་བྱུང་བ་ནས་བཟུང་རྒྱ་གཞུང་གི་སྐུ་ཚབ་ཚོས་རྟག་པར་སྐད་ཆ་དེ་དག་ཡང་བཤད་བསྐྱར་བཤད་བྱེད་བཞིན་ཡོད། འོན་ཀྱང་། ཁོ་ཚོས་ད་དུང་ཡང་ ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་གང་ཉིད་ཀྱི་ནང་མི་སྐུ་འཁོར་དང་བཅས་པ་གང་དུ་བཞུགས་ཡོད་མེད་སྐོར་གང་ཡང་གསལ་བརྗོད་བྱས་མེད། རྒྱ་ནག་གཞུང་གི་ངོས་ནས་འཛེམས་ཟོན་ཅི་ཡང་མེད་པར་༧པཎ་ཆེན་རིན་པོ་ཆེ་མཆོག་བཙན་འཁྲིད་བཀག་ཉར་བྱས་པ་ནི་བོད་ནང་གདུག་རྩུབ་ཆེ་ལ་བཟོད་དཀའ་བའི་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་ར་སྤྲོད་གསལ་པོ་ཡིན། བོད་མི་རིགས་ལ་མཛའ་ཞིང་གཅེས་པའི་བླ་མའི་དྲུང་ནས་ཆོས་ཞུ་བ་ལ་དམ་དྲག་ཡོད་པ་མ་ཟད། ༧པཎ་ཆེན་རིན་པོ་ཆེ་ལྟ་བུར་ཆ་མཚོན་ན་མཇལ་རྒྱུ་ལྟ་ཅི་མཐའ་ན་གང་ཉིད་ཀྱི་གནས་ཚུལ་གོ་ཐོས་ཙམ་ཡང་མེད་པའི་གནས་སྟངས་ཐབས་སྐྱོ་བོ་ཞིག་ཆགས་ཡོད། ཅེས་བརྗོད་སོང་།

ཡང་བསྒྲགས་གཏམ་ནང་། ༧པཎ་ཆེན་རིན་པོ་ཆེའི་སྐུ་དབང་གི་གལ་གནད་ལ་གཞིགས་ཏེ་རྒྱ་གཞུང་གི་ངོས་ནས་འབྱུང་འགྱུར་༧གོང་ས་མཆོག་རིམ་བྱོན་གྱི་ཡང་སྲིད་ངོས་འཛིན་ཐད་མགོ་ཐར་དཔུང་འཇུག་གི་ངན་བྱུས་དེ་ལ་གཞིས་བྱེས་བོད་མི་ཡོངས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། རྒྱ་གཞུང་གི་ངོས་ནས་དེ་ལྟ་བུའི་ངན་བྱུས་ཀྱི་མཇུག་འབྲས་ལ་འགན་འཁྱེར་དགོས་ཀྱི་ཡོད། ད་ལྟའི་ཆར་རྒྱ་གཞུང་གི་དམ་དྲག་བཀག་ཉར་འོག་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཕྲོད་བཞེས་ཡག་པོ་ཡོད་པ་དང་། སྐུའི་མཚན་གནས་དང་མཐུན་པའི་ཆོས་ཕྱོགས་དང་དེང་དུས་ཀྱི་སྐུ་ཡོན་ཚད་ལྡན་དགོས་པ་གལ་འགངས་ཆེན་པོ་ཡིན་པས་དེ་དག་གི་འགན་ལེན་མཐའ་ཅིག་ཏུ་ཞུ་དགོས་ཀྱི་ཡོད། ཅེས་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཞུ་འབོད་ནི། དང་པོ་རྒྱ་གར་གཞུང་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་བཞུགས་ཡོད་མེད་ཀྱི་གནས་ཚུལ་གསལ་སྟོན་ཡོང་རྒྱུ་དང་། གང་ཉིད་ཀྱི་གནས་སྟངས་གང་འདྲ་ཡོད་མེད་སྐོར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་འབོད་སྐུལ་ཞུ་རྒྱུ།  གཉིས་པ་རྒྱ་གར་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་གློད་གྲོལ་ཡོང་སླད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བ་ཞུ། ཞེས་བརྗོད་སོང་།

འཁྲུངས་སྐར་མཛད་སྒོའི་དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ཤྲི་རམ་སཱ་རུབ་ལགས་ཀྱིས་མཛད་སྒོའི་ཐོག འདས་པའི་ལོ་ངོ་ ༢༤ རིང་ནས་བོད་མི་དང་འཛམ་གླིང་གི་མི་མང་རྣམས་ཀྱིས་༧པཎ་ཆེན་རིན་པོ་ཆེའི་གནས་སྟངས་གང་འདྲ་ཡིན་མིན་ཤེས་ཀྱི་མེད་པ་རེད། ཅེས་དང་། དེ་རིང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་བྱས་པ་དེ་ཆུད་ཟོས་སུ་མི་འགྲོ་བ་དང་། གྲུབ་འབྲས་ལེགས་པོ་སྨིན་རྒྱུའི་རེ་སྨོན་ཡོད། ཅེས་གསུངས་སོང་བ་དང་། དེའི་རྗེས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས། བཙན་བྱོལ་དུ་ཡོད་པའི་བོད་མི་མི་རེ་ངོ་རེ་ནས་༧པཎ་ཆེན་རིན་པོ་ཆེ་ཀློད་གྲོལ་ཡོང་ཐབས་དང་གོ་རྟོགས་སྤེལ་ཆེད། ཚོགས་པ་དང་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གང་བྱེད་གཅིག་པུར་སྟབས་མ་བསྟུན་པར་སོ་སོས་འཇོན་ཚོད་དཔག་ཚོད་ཀྱིས་ནུས་པ་འདོན་དགོས་སྐོར་དང་། ང་ཚོས་དུས་རྒྱུན་ཆབ་སྲིད་ལས་འགུལ་རྣམས་རྒྱུན་མཐུད་ནས་རྩོམ་དགོས་གལ་ཆེ་སྐོར་དང་། དེ་རིང་གི་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་རྣམས་ལ་ལེགས་གསོལ་དང་། བསྔགས་བརྗོད། རྗེས་སུ་ཡི་རང་ཡོད་སྐོར་གསུངས་སོང་།ད་ལན་གྱི་ཞི་བའི་གོམ་བགྲོད་པ་དགུང་ལོ་ཆེ་ཤོས་ ༨༣ ཅན་དྷ་ལ་ཧོ་སི་ས་གནས་ཀྱི་བོད་མི་བསོད་ནམས་ཚེ་རིང་ལགས་སུ། ཐེངས་འདིའི་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་བྱེད་དགོས་དོན་གང་ཡིན་སོགས་དྲིས་པར་ཁོང་གིས། ང་རང་ཚོ་མགྱོགས་པོ་བོད་ལ་ལོག་རྒྱུ་མ་ཡོང་ངམ་བསམ་པའི་རེ་བ་བྱས་ཏེ་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་དང་། དེང་སང་གི་གཞོན་སྐྱེས་ཚོས་སྔོན་མ་༧པཎ་ཆེན་རིན་པོ་ཆེ་རྩ་ཆེ་ཆུང་གང་འདྲ་ཡིན་མིན་ཤེས་ཀྱི་མེད་པའི་རྣམ་འགྱུར་ལྟ་བུ་སྟོན་གྱི་འདུག ཅེས་བརྗོད་བྱུང་། ཡང་གོམ་བགྲོད་པ་ལོ་ན་ཆུང་ཤོས་རང་ལོ་ ༢༤ ཡིན་པའི་སིམ་ལ་ས་གནས་ཀྱི་བུད་མེད་བཀྲ་ཤིས་ཆོས་འཛོམས་ཀྱིས། ང་དེ་རིང་འདིར་བསླེབས་དགོས་དོན་དེ་༧པཎ་ཆེན་རིན་པོ་ཆེ་མཆོག་ཀློད་གྲོལ་གཏོང་རྒྱུར་ཞུ་བ་བྱེད་ཆེད་ཡིན་པ་དང་། དེ་རིང་གི་ལས་འགུལ་ནང་མང་ཆེ་བ་ལོ་རྒན་པ་རྐྱང་རྐྱང་རེད་འདུག དེར་བརྟེན་རྗེས་མ་ནས་ལོ་ཆུང་མང་བ་ཕེབས་རོགས་ཞེས་ཞུ་རྒྱུ་ཡིན།  ཅེས་བརྗོད་བྱུང་།

ཡང་ལས་འགུལ་ནང་ལོ་ན་ ༥ མ་ཟིན་ཙམ་གྱི་བུ་མཉམ་དུ་འཁྲིད་པའི་བོད་རིགས་བུད་མེད་བསྟན་འཛིན་ཕན་ཐོགས་ལགས་སུ། བུ་གུ་གོམ་བགྲོད་ནང་འཁྲིད་ཡོང་དོན་ཅི་ཡིན་དྲིས་པར་མོས། ༧པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་གནང་སྐབས་ང་ཚོ་བོད་ནང་ལོ་བདུན་བརྒྱད་ལ་བསླེབས་ཡོད། དེ་དུས་ང་ཚོས་ཞེ་དྲགས་གོ་ཚོད་ཀྱི་མེད་ཀྱང་ད་ལྟ་སེམས་ནང་ཚོར་སྣང་ཞིག་ཡོང་གི་ཡོད་པ་རེད། ང་རང་གི་བུ་ཕྲུག་ཡིན་ན་ཡང་ད་ལྟ་དེ་ཙམ་མགོ་འཚོས་ཀྱི་མེད་ཀྱང་། ཞི་བའི་ལས་འགུལ་འདི་ལྟ་བུའི་ནང་མཉམ་ཞུགས་བྱས་ཏེ་རྗེས་མ་ཁོ་རང་ཆེན་པོ་ཆགས་དུས་ཚོར་སྣང་ཞིག་ཡོང་གི་རེད་བསམ་གྱི་འདུག་པས། ཁོ་རང་ལ་ཚོར་སྣང་ཤུགས་ཆེན་པོ་བསླེབ་པའི་ཆེད་དུ་མཉམ་དུ་འཁྲིད་ཡོང་བ་ཡིན།  ཞེས་དང་། ང་ཚོས་རང་གི་བུ་ཕྲུག་རྣམས་ཀྱི་ཀླད་པའི་ནང་ཆུང་དུས་ནས་མི་རིགས་ཀྱི་གནས་སྟངས་དང་ངོ་བོ་སོགས་འཇོག་ཐབས་བྱེད་དགོས་པ་དང་། ཁོ་ཚོ་འཛམ་གླིང་གི་ཡུལ་གྲུ་ག་པར་སྐྱེས་ན་ཡང་བོད་མི་རིགས་ཀྱི་ངོ་བོ་ཤུགས་ཆེན་པོ་ངེས་ཐུབ་པ་ཞིག་ཡོང་རྒྱུར་འབད་བརྩོན་བྱེད་དགོས་སྐོར་བརྗོད་བྱུང་།གཞན་ཡང་ཐེངས་འདིའི་གོམ་བགྲོད་ལས་འགུལ་ནང་ཐའེ་ཝན་གྱི་བུད་མེད་བརྙན་ལེན་པ་ཞིག་ཀྱང་མཉམ་ཞུགས་བྱས་འདུག་པ་དང་། མོ་ལ་འདི་ལྟ་བུའི་དཀའ་ཚེགས་ཅན་གྱི་ལས་འགུལ་ནང་མཉམ་ཞུགས་བྱེད་དོན་གང་ཡིན་དྲིས་པར། ངས་ཁྱེད་ཚོའི་གནས་སྟངས་དང་ལོ་རྒྱུས་ཤེས་ཀྱི་ཡོད་ལ། ང་ལ་འདིར་གནས་སྡོད་བོད་མི་གྲོགས་པོ་མང་པོ་ཡོད། དེར་བརྟེན་ང་རང་སུ་ཡིན་ལ་མ་ལྟོས་པར་བོད་ཀྱི་གནད་དོན་དེར་སེམས་འཁུར་བྱེད་དགོས་ཀྱི་ཡོད་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

ལས་འགུལ་འདིའི་མགོ་མཇུག་ཡོངས་ལ་པར་དང་བརྙན་ལེན་དགོས་དོན་གང་ཡིན་དྲིས་པར་མོས། སྤྱིར་བཏང་ང་རང་གློག་བརྙན་བཟོ་སྐྲུན་པ་ཞིག་ཡིན་པ་མ་ཟད། ངའི་ཞིབ་འཇུག་གི་བརྗོད་གཞི་དེ་བཙན་བྱོལ་གྱི་སྤྱི་ཚོགས་ཡིན་སྟབས། ངས་དེ་རིང་གི་ལས་འགུལ་འདི་བརྙན་ནང་ལེན་ཐབས་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།

མཛད་སྒོ་གྲོལ་རྗེས་བཞུགས་སྒར་དྷ་རམ་ས་ལ་ནས་མགོ་འཛུགས་ཀྱིས་རྒྱ་གར་ཅཱན་དྷི་གྷར་(Chandigarh) གྲོང་ཁྱེར་བར་ཉིན་གྲངས་ ༡༥ ལྷག་གི་ཞི་བའི་གོམ་བགྲོད་ལས་འགུལ་མགོ་འཛུགས་གནང་སོང་བ་དང་། ཐེངས་འདིའི་ཞི་བའི་གོམ་བགྲོད་ལས་འགུལ་ནང་རྒྱ་གར་བྱང་ཕྱོགས་ཀྱི་ལ་དྭགས་སོགས་ས་གནས་མི་འདྲ་བ་བདུན་ནས་བོད་མི་ ༡༠༠ ལྷག་མཉམ་ཞུགས་བྱས་འདུག བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་གྱི་ས་ཁུལ་མི་འདྲ་བ་ ༥ སྟེ། རྡེ་ར་རྡུན་ནས་ལྡི་ལི་བར། སྒང་ཏོག་ནས་ས་ལུ་སྒ་ར་བར། ནགྷ་བུར་ནས་ཆ་ཏྲིས་གྷར་བར། མེ་སོར་ནས་བྷེང་ལོར་བར། བཞུགས་སྒར་རྡ་ས་ནས་ཅན་དྷི་གྷར་བར་ཞི་བའི་གོམ་བགྲོད་ལས་འགུལ་མགོ་བརྩམས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༤/༢༥

Leave a Reply

One thought on “༧པཎ་ཆེན་ཡང་སྲིད་ཆེད་ཞི་བའི་གོམ་བགྲོད་གནང་།

  1. བསམ་པ་རྣམ་དག།

    ༧པཎ་ཆེན་ཡང་སྲིད་ཆེད་ཞི་བའི་གོམ་བགྲོད་གནང་། ༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཆེད་ཅེས། རིན་པོ་ཆེ་བསྣོན་ན་གུས་ཞབས་མཚོན་པ་རེད།