ད་ལྟ་ངོས་རང་སངས་དྲག་བྱུང་ཞེས་གསུངས་སོང་།

དེ་རིང་༧གོང་ས་མཆོག་ནས་ལྡི་ལིའི་བོད་ཁྱིམ་སྡོད་ཁང་དུ་སློབ་ཕྲུག་དང་མི་མང་རྣམས་ལ་བཀའ་སློབ་བསྩལ་གྲུབ་རྗེས་མཁའ་ལམ་བརྒྱུད་བཞུགས་སྒར་དྷ་རམ་ས་ལར་ཞབས་སོར་བདེ་བར་བཀོད་གནང་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཡས་མས་སུ་བོད་གཞུང་མང་གཉིས་ཀྱི་ཕེབས་བསུའི་ཁྲོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མཁའ་ལམ་བརྒྱུད་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་བཀོད་གནང་སོང་བ་དང་། གྷ་གྷལ་གནམ་ཐང་དུ་ཕེབས་འབྱོར་སྐབས་གསར་འགོད་པར་ད་ལྟ་ངོས་ཀྱི་ནད་གཞི་སངས་དྲག་བྱུང་སྟེ་ཧ་ཅང་བདེ་པོ་ཡིན། ཞེས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་རྒྱལ་ས་ལྡི་ལིའི་ཤཱི་ར་ཊོན་གསོལ་མགྲོན་ཁང་ནས་ཆིབས་ཐོན་གྱིས་ལྡི་ལི་རོ་ཧི་ཎིའི་བོད་ཁྱིམ་སྡོད་ཁང་དུ་སྐུ་ངལ་གསོས་ནས་བཞུགས་ཡོད་པ་དང་། ས་གནས་མི་མང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། དེ་རིང་སྔ་དྲོར་ལྡི་ལིའི་བོད་ཁྱིམ་སྡོད་ཁང་དུ་ས་གནས་ཀྱི་སློབ་མ་དང་མི་མང་རྣམས་ལ་མཇལ་ཁ་བཀའ་སློབ་བསྩལ་ཡོད་པ་དང་། སྐབས་དེར་གོང་ས་མཆོག་གིས་མ་གཞི་རྡོ་རྗེ་གདན་ནས་ཏོག་ཙམ་ཆམ་ནད་བཟོ་འདྲ་བོ་ཞིག་ཕོག་སྟེ། དེའི་རྗེས་ལ་ཆམ་ནད་དེ་མ་དྲག་པར་མུ་མཐུད་གནས་ཡོད་པ་འདྲ། དེ་ནས་ཉེ་སྔོན་ལྡི་ལིར་ཡོང་རྗེས། ཤེས་ཡོན་སྐོར་གྱི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་ཚོགས་ནས་ཏོག་ཙམ་ཐང་ཆད་སོང་། དེ་ནས་ཚེས་ ༨ ཉིན་ཡར་དྷ་རམ་ས་ལར་ཕྱིན་པ་རེད། དེ་དུས་བདེ་པོ་ཡོད། འོན་ཀྱང་ཚེས་ ༩ ཉིན་གྱི་དགོང་མོ་དེར་མ་བདེ་བ་ཞེ་དྲགས་བྱུང་སོང་།  ཚེས་ ༩ ཉིན་གྱི་ཞོགས་པ་དེར་ཏོག་ཙམ་ཁྱ་ར་ཁྱོ་རེ་ལྟ་བུ་ཆགས་ཏེ་མ་བདེ་བ་ཞེ་དྲགས་བྱུང་སྟེ་ལམ་སེང་ཐག་བཅད་དེ་མར་ལྡི་ལིར་ཡོང་བ་རེད། འདིར་མེག་སི་སྨན་ཁང་དུ་དུས་རྒྱུན་བརྟག་དཔྱད་བྱེད་ཀྱི་ཡོད་ཙང་། སྨན་པ་དེ་ཚོ་དང་ངོ་ཤེས་ལྟ་བུ་ཆགས། ད་གྲོགས་པོ་རྙིང་པ་ལྟ་བུ་ཞིག་རེད། དེར་བརྟེན་ཕ་གི་ལ་བརྟག་དཔྱད་བྱས་ཏེ་གློ་བ་དང་མཁལ་མའི་ནང་ནད་གཞི་འདུག་ཅེས་དང་། ནད་གཞི་ལྗིད་པོ་ཡོད་པ་ལྟ་བུ་བཤད་སོང་། དེ་ནས་སྨན་ཁང་རང་ལ་ཉིན་མ་གཅིག་གཉིས་བསྡད་ནས་ཁབ་བཙུགས་པ་རེད། ཁབ་འཛུགས་རྒྱུ་དེ་ཧ་ཅང་སུན་པོ་འདུག ཁབ་འཛུགས་རྒྱུ་དེ་ཡང་ཆུ་ཚོད་ལྔ་ལྔ་དང་དྲུག་དྲུག་བར་ལ་འཛུགས་དགོས་ཀྱི་ཡོད་འདུག དགོང་མོ་ཆུ་ཚོད་༥ ཙམ་དང་དེ་ནས་ནམ་ཕྱེད་ཙམ་ལ་ཁབ་འཛུགས་དགོས་ཀྱི་ཡོད་པ་དེ་ཧ་ཅང་སུན་པོ་འདུག ང་གཉིད་ལ་དགའ་པོ་ཡོད་རེད། བྱས་ཙང་ནམ་ཕྱེད་གཉིད་སྐྱིད་པོ་ཁུག་པའི་སྐབས་དེར་ཡར་ལངས་ནས་ཁབ་འཛུགས་རྒྱུ་དེ་ཏོག་ཙམ་སུན་པོ་བྱུང་། གཞུག་ལ་ངས་རེ་འདུན་བཏོན་ཏེ་ནམ་ཕྱེད་ལ་ཁབ་འཛུགས་མི་དགོས་པ་བཟོས་རེད། ཉིན་འགའ་སྨན་ཁང་དུ་བསྡད་རྗེས་སྨན་ཁང་ནས་ཐོན་ཏེ་ཉིན་འགའ་ཤས་སྨན་ཁང་གི་ཉེ་འཁྲིས་སུ་ཡོད་པའི་མགྲོན་ཁང་དེར་བསྡད་པ་དང་། དེ་ནས་གཞུག་ལ་སྨན་པར་བརྟག་དཔྱད་བྱས་ཏེ་དྷ་སར་ག་དུས་ལོག་ན་ཆོག་པ་ཞིག་འདུག ད་སངས་དྲག་རེད་འདུག་ཟེར་གྱི་འདུག ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས།  དེ་རིང་འདིར་འདི་གའི་སློབ་གྲྭའི་ཁོངས་ཀྱི་ཕྲུ་གུ་དང་གཡས་གཡོན་གྱི་ལྡི་ལི་ཁུལ་དུ་ཡོད་པའི་སློབ་ཕྲུག་རྣམས་ལ་འཁྱུག་ཙམ་ཐུག་ན་བསམ་བྱུང་། ཐུག་པའི་དགོས་པ་དམིགས་ཡུལ་གང་ཡིན་ཟེར་ན། ད་ངོས་རང་ལོ་གྱ་གྲངས་ནང་བསླེབས་བསྡད་ཡོད་པ་རེད། ང་ཚོ་བཙན་བྱོལ་བ་ཆགས་པའི་རྗེས་ལ་མི་སྣ་མང་པོ་ཐུག་གི་ཡོད་པ་རེད། ལྷག་པར་དུ་ཡང་ཚན་རིག་པ་མཁས་པ་དེ་འདྲ་མང་པོ་ཐུག་གི་ཡོད་པ་རེད། སྔོན་མ་འདིར་ཚར་གཅིག་རི་ཆར་ཌི་ཌེ་ཝིཌ་སོན་(Richard Davidson)འདིར་སྐད་ཆ་བཤད་དུ་ཡོང་བ་རེད། དྲན་གྱི་འདུག་པས། དངོས་གནས་ཚན་རིག་པ་སྙན་གྲགས་ཅན་དང་མཁྱེན་ལྡན་དེ་འདྲར་ཐུག་གི་ཡོད་པ་རེད། ཉེ་ཆར་མོ་སི་ཁོའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་མཁས་དབང་དེ་འདྲ་གཅིག་གིས་སེམས་ཁམས་དང་། ལྷག་དོན་མི་གྲོངས་ནས་ཐུགས་དམ་བཞུགས་ཚུལ་ཐད་ལ་དམིགས་བསལ་བརྟག་དཔྱད་བྱེད་ཀྱི་ཡོད་སྐོར་དང་། འཛམ་གླིང་འདིར་ཕྱི་དངོས་པོའི་ཡར་རྒྱས་ཧ་ལས་པ་ཕྱིན་བསྡད་ཡོང་ཀྱང་། སེམས་ཁམས་རིག་པའི་ཐོག་ལ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་གང་ཡང་ཤེས་ཀྱི་ཡོད་མ་རེད། དེའི་ཐད་ལ་ཤེས་མཁན་རྒྱ་གར་གཅིག་པོ་རེད་འདུག གནའ་སྔ་མོ་རྒྱ་གར་དེ་སེམས་ཁམས་རིག་པའི་སྐོར་ཕྱུག་པོ་ཞེ་དྲགས་ཡིན་ཡང་། ད་ལྟ་ཉམས་ཚར་བ་རེད།  དེར་བརྟེན་རྒྱ་གར་ལ་སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་ཚད་མ་རིག་པ། ལྟ་གྲུབ་སོགས་གཏིང་ཟབ་པོ་དང་། རྒྱ་ཆེན་པོ་ཡོད་བསྡད་པ་དེ་དག་དུས་རབས་བརྒྱད་པ་ནས་མཁན་ཆེན་ཞི་བ་འཚོས་ང་ཚོ་བོད་པ་ལ་རྩིས་སྤྲོད་གནང་སྟེ། ད་བར་བོད་པས་རིག་གཞུང་གཏིང་ཟབ་པོ་དེ་ཚོ་བདག་པོ་བརྒྱབས་ནས་ཉར་བཞག་པ་དེ་ཧ་ལས་པ་ཞིག་ཡིན་སྐོར་སོགས་གསུངས་རྗེས། སློབ་ཕྲུག་ཚོར་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་བསྩལ་གནང་བ་དང་། ཤེས་རབ་འཕེལ་བར་གཟུངས་སྔགས་འདི་རྒྱུན་དུ་འདོན་དགོས་སྐོར་བཀའ་གནང་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༤/༢༦

Leave a Reply