ཤོ་ཟུར་ཚེ་དབང་སྒྲོལ་མ་ལཊ་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོས།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་ཟུར་པ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོས་བཞག་གནང་སྟེ། དེ་རིང་སྔ་དྲོར་འགན་འཛིན་གསར་རྙིང་གཉིས་བར་རྩིས་སྤྲོད་རྩིས་ལེན་གནང་འདུགའདི་གའི་གསར་འགོད་པས་ཤོ་ཟུར་སྒྲོལ་མ་ཚེ་རིང་ལགས་སུ་རྩིས་སྤྲོད་རྩིས་ལེན་ག་འདྲ་བྱུང་ཡོད་པ་དང་། མ་འོངས་པར་ལས་དོན་གནང་ཕྱོགས་ཐད་འཆར་གཞི་དང་དམིགས་ཡུལ་ག་རེ་ཡོད་སྐོར་སོགས་དྲིས་པར་ཁོང་མོས། རྩ་བའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ནང་སྲིད་ཀྱི་དྲུང་འཕར་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་བཞག་གནང་པ་དང་། བསྐོ་བཞག་གནང་པ་བཞིན་དེ་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་ཚེ་རིང་དབྱངས་སྐྱིད་ལགས་ནས་རྩིས་སྤྲོད་རྩིས་ལེན་དང་། ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་རྣམས་ཀྱིས་ངོ་སྤྲོད་དང་གོ་བསྡུར་གནང་བ་ཡིན། ཞེས་གསུངས་བྱུང་།

ཡང་ཁོང་མོས། ང་རང་ཕྱི་ལོ་ ༡༩༨༩ ལོ་ནས་སྤྱི་ཚོགས་ཀྱི་བདེ་དོན་ཐོག་ཕྱག་ལས་གནང་ཡོད་པ་དང་། ད་ལྟ་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས་གཉིས་བར་གཤིབ་བསྡུར་བྱས་ན་ཐ་དད་ལྟ་བུ་ཆགས་ཀྱི་ཡོད་ན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རེ་བཞིན་འགན་འཛིན་དུ་བསྐོ་བཞག་གནང་ཡོད་པ་དང་། དེ་བཞིན་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་མང་ཆེ་བ་ཞིག་དངོས་ནས་ཤེས་ཡོན་ཅན་དང་འདབ་གཤོག་གཉིས་ལྡན་ཡིན་པ་དང་། ཁོ་ཚོས་ད་བར་ལས་དོན་གནང་དང་གནང་བཞིན་པ་དེ་དག་ཧ་ལས་པ་ཡག་པོ་ཡོད་པ་དང་། ལས་དོན་ཐད་དངོས་ནས་ཧུར་བརྩོན་བྱས་པ་ཡིན་ན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དེ་ཕན་ཐོགས་ཧ་ཅང་ཡོད་པ་ཞིག་ཡིན་སྟབས། མ་འོངས་པར་ལས་དོན་ཐད་ཧུར་ཐག་བྱེད་དགོས་བསམ་པའི་སྤོབས་པ་དང་སེམས་ཚོར་ཆེན་པོ་སླེབས་བྱུང་། ང་རང་ལ་མཚོན་ན། གནས་རིམ་སྐྱོ་ཤོས་ཤིག་ནས་ལས་ཀ་མགོ་འཛུགས་ཀྱིས་ཐེག་པ་རིམ་འཛེགས་བྱས་ཏེ་ཡོང་བ་དང་། ད་ལྟའི་ཆར་དངོས་ནས་འཛིན་སྐྱོང་གི་ནང་དུ་དྲུང་ཆེའི་གནས་རིམ་མཐོ་ཤོས་ཤིག་ཏུ་སྤར་བ་དང་། དེ་བཞིན་གཞུང་གིས་ཡིན་ནའང་དངོས་ནས་ལས་དོན་ཐད་དཀའ་ལས་ཤིག་བརྒྱབ་པ་ཡིན་ན་དོ་ནན་པོ་གནང་བཞིན་འདུག་བསམ་པ་བྱུང་། ཞེས་གསུངས་བྱུང་།

བོད་མིའི་སྒྲིག་འཛུགས་དྲ་བར་གནས་ཚུལ་བཀོད་པ་ལྟར་ན།  ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་ནི་སྟོད་མངའ་རིས་གླང་ཆུ་གྲོང་སྡེའི་འགོ་པ་ཕ་མགོན་པོ་དང་མ་སྲི་ཐར་གཉིས་སུ་ཕྱི་ལོ་ ༡༩༥༩ ཟླ་ ༡༠ ཚེས་ ༡༤ ཉིན་སྐྱེས་ཡོད་པ་དང་།   ཌལ་ཧོར་དང་སིམ་ལ་གཏན་སློན་ནས་ཕྱི་ལོ་  ༡༩༧༦ ཟླ་ ༤ ཚེས་ ༡༨ ཉིན་རྒྱལ་ཡོངས་གཞི་རིམ་སློབ་གྲྭ་ཐོན།  ཕྱི་ལོ་ ༡༩༧༦ ཟླ་ ༥ ཚེས ༡༩  ནས་གཞུང་ཞབས་ཁོངས་འཛུལ་ནས་དྲུང་ཡིག་གི་ལས་སྣེ་སོགས་ཞབས་ཞུ་བསྒྲུབས། ཕྱི་ལོ་ ༡༩༧༨ ལོར་ལྡེ་ར་རྡུན་དུ་ཤེས་རིག་འཛིན་སྐྱོང་ཐོག་སྦྱོང་བརྡར་ཐོན།  ཕྱི་ལོ་ ༡༩༧༩ ཟླ་ ༨ ཚེས་ ༡༥ ཉིན་གནས་རིམ་དགུ་པ་གཞོན་དྲུང་ཚོད་ལྟའི་ཐོག་རྡ་སྟེང་བདེ་སྲུང་ཡན་ལག་དང་བདེ་དོན་གཅིག་ལྕོགས་ལས་ཁུངས་ཀྱི་ལས་བྱེད་དུ་བསྐོ་གཞག་གིས་ཕྱི་ལོ་ ༡༩༨༠ ཟླ་ ༡༠ ཚེས་ ༡ ནས་གཞོན་དྲུང་ངོ་མར་བསྐོས།   ཕྱི་ལོ་ ༡༩༨༦ ཟླ་ ༣ ཚེས་ ༡༥ ནས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་གཞོན་དྲུང་དུ་གནས་སྤོས་གནང་པ་དང་། ཕྱི་ལོ་ ༡༩༩༡ ཟླ་ ༧ ཚེས་ ༡ ནས་རྒན་དྲུང་དུ་གནས་རིམ་སྤར། ཕྱི་ལོ་ ༡༩༩༢ ཟླ་ ༩ ཚེས་ ༡༥ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྒན་དྲུང་དུ་གནས་སྤོས་བསྐོ་གཞག་གནང་།

ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ནས་སླར་ཡང་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་སྡེ་ཚན་འགན་འཛིན་དུ་བསྐོ་བཞག་གནང་པ་དང་།   ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༡༤ ནས་དྲུང་གཞོན་ལས་རོགས་སུ་གནས་སྤར་དང་འབྲེལ་ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༢༥ ནས་ས་ཊོན་ཀཿ་ཐོག་བཟོ་གཞིས་ས་གནས་མགོ་འཛིན་དུ་བསྐོ་བཞག་གནང་།   ཕྱི་ལོ་ ༡༩༩༩ ཟླ་ ༦ ཚེས་ ༢༡ ནས་ཧར་པ་སྤུར་ས་གནས་མགོ་འཛིན་དུ་བསྐོས།  ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༡༤ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་དང་། ཕྱི་ལོ་ ༢༠༠༢ ཟླ་ ༢ ཚེས་ ༤ ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་དུ་བསྐོས།

ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༦ ཉིན་༸དཔལ་ལྡན་བཀའ་ཁྲི་མཆོག་གི་མདུན་ནས་བཙན་བྱོལ་བོད་གཞུང་གི་བཀོད་སྒྲིག་ལམ་སྟོན་གཞིར་བཟུང་ལོ་ངོ་ ༢༥ རིང་རྒྱལ་ཁབ་དང་། མི་རིགས་ལ་བརྩེ་ཞེན་ལྷག་བློས་དྲངས་པའི་གཞུང་མང་ཞབས་འདེགས་ངལ་འཁུར་ཆེ་བསྐྱེད་ཞུས་པར་ལེགས་གསོལ་གྱི་ལག་འཁྱེར་གནང་།  ཕྱི་ལོ་ ༢༠༠༨ ཟླ་ ༢ ཚེས་ ༡༦ ནས་ནང་སྲིད་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེར་བསྐོས།  ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༦ ཉིན་༧སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་ཕྱི་ལོ་ ༢༠༡༠ ལོའི་གཞུང་ཞབས་འགན་འཛིན་སྡེ་ཚན་ཁོངས་ནས་ལས་དོན་བྱས་རྗེས་གཟེངས་སུ་ཐོན་པའི་བྱ་དགའ་གསོལ་རས་གནང་། ཕྱི་ལོ་  ༢༠༡༤ ཟླ་ ༨ ཚེས་   ༡༩    ནས་དྲུང་ཆེ་ལས་འཕར་དུ་གནས་སྤར་གྱིས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་གྱི་ལས་འགན་ཐོག་བསྐོ་གཞག་དང་འབྲེལ་ད་ལྟའི་བར་ནང་སྲིད་ལས་ཁུངས་ཀྱི་བདེ་དོན་སྡེ་ཚན་དང་། ན་གཞོན་རོགས་སྐྱོར་ཚན་པ། རྩིས་ཁང་། ནང་ཞིབ། ས་ཁང་ཚན་པ་སོགས་ཀྱི་འགན་འཛིན་གནང་བ་སོགས་ད་བར་ཁྱོན་བོད་མིའི་སྒྲིག་འཛུགས་ནང་ལོ་ངོ་ ༤༠ ལྷག་ལ་ཕྱག་ལས་གནང་ཡོད་འདུག

གསར་འགོད། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༠༢

Leave a Reply