ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་དོན་རྐྱེན་བྱུང་།

ཨུ་རུ་སུའི་རྒྱལ་ས་ནས་གྲོང་ཁྱེར་མོར་མན་སི་ཁུ་བར་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་གློ་བུར་དོན་རྐྱེན་བྱུང་སྟེ་འགྲུལ་བ་ ༤༡ རྐྱེན་འདས་སུ་ཕྱིན་ཡོད་འདུགསི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཁ་སང་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་(Sheremetyevo)གནམ་ཐང་ནས་གྲོང་ཁྱེར་མོར་མན་སི་ཁུ་བར་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་(Aeroflot flight SU 1492)ཞེས་པ་ཞིག་ལ། གློ་བུར་ཆག་སྐྱོན་བྱུང་སྟེ་ཛ་དྲག་ངང་ཕྱིར་མོ་སི་ཁོའི་གནམ་ཐང་དུ་བབས་ཡོད་ཀྱང་།  གནམ་གྲུར་མེ་ཤོར་བ་དང་གནམ་ཐང་དུ་ཡག་པོ་བབས་མ་ཐུབ་པར་བརྟེན། གནམ་གྲུའི་ནང་ཁྱོན་འགྲུལ་བ་ ༧༨ ཡོད་པའི་ཁྲོད་ནས་མི་ ༤༡ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། འདས་འདས་ཕྱིན་པའི་འགྲུལ་བའི་ཁྲོད་ནང་ཨ་རིའི་མི་སེར་གཅིག་དང་བྱིས་པ་ ༢། དེ་བཞིན། ཞབས་ཞུ་བ་ ༡ བཅས་ཡོད་པ་དང་། གཞན་ཡང་མི་ ༥ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

དོན་རྐྱེན་བྱུང་རྗེས་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ལགས་ཀྱིས། རྐྱེན་འདས་སུ་ཕྱིན་པའི་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་དང་འབྲེལ། ཐེངས་འདིའི་དོན་རྐྱེན་གྱི་བརྒྱུད་རིམ་ལ་ཞིབ་འཇུག་ནན་ཏན་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག

ཨུ་རུ་སུའི་(Interfax)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དོན་རྐྱེན་བྱུང་དོན་ནི་འབྱུང་ཁམས་འཁྲུག་སྟེ་གློག་འོད་ཅིག་འཁྱུག་པ་ལ་བརྟེན་ནས་གནམ་གྲུའི་འབྲེལ་ཐག་ཆད་པར་བརྟེན། གནམ་གྲུ་རྒྱལ་ས་མོ་སི་ཁོའི་ནང་ཕྱིར་ལོག་དགོས་བྱུང་ཡོད་སྐོར་བརྗོད་ཡོད་ཀྱང་།  ད་ལྟའི་བར་ཨུ་རུ་སུའི་རྒྱལ་ཡོངས་མཁའ་འགྲུལ་གནམ་གྲུ་ལས་ཁུངས་(Aeroflot)དང་གཞུང་ནས་དོན་རྐྱེན་གྱི་འབྱུང་རྩ་གང་ཡིན་སོགས་འགྲེལ་བརྗོད་གནང་མེད་པ་རེད།

ཐེངས་འདིའི་གནམ་གྲུའི་དོན་རྐྱེན་ལ་ཞིབ་འཇུག་ཚན་པའི་མགྲིན་ཚབ་པ་ཨིལ་ན་(Elena Markovskaya)ལགས་ཀྱིས། ཁ་ལོ་བ་རྩིས་པའི་གནམ་གྲུའི་ནང་ཁྱོན་འགྲུལ་བ་ཡོད་པ་ལས་མི་ ༣༧ ལ་གནོད་སྐྱོན་བྱུང་མེད་པ་དང་། རྨས་སྐྱོན་ཕོག་པའི་མི་རྣམས་ལ་སྨན་བཅོས་བྱེད་བཞིན་ཡོད། ཅེས་བརྗོད་འདུག

ཨུ་རུ་སུའི་རྒྱལ་ཡོངས་མཁའ་འགྲུལ་གནམ་གྲུ་ལས་ཁུངས་ཀྱིས་དོན་རྐྱེན་བྱུང་རྗེས་གསལ་བསྒྲགས་ཤིག་སྤེལ་ཏེ། ང་ཚོས་སྐར་ཆ་ ༥༥ ནང་ཚུད་དུ་འགྲུལ་བ་ཚོ་གནམ་གྲུ་ལས་ཕྱིར་བླངས་ཏེ། གང་ཐུབ་ཅི་ཐུབ་ཀྱིས་སྲུང་སྐྱོབ་བྱེད་ཐབས་བྱས་ཡོད་ནའང་། མི་མང་པོ་ཞིག་རྐྱེན་ལམ་དུ་ཤོར་བར་བརྟེན། ཁོང་ཚོའི་ཤུལ་ལུས་ནང་མི་ཚོར་དགོངས་སེལ་དང་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད་ལ། གོད་ཆག་བྱུང་བའི་ཁྱིམ་མི་དང་གཉེན་ཉེ་སྤུན་མཆེད་ཚོ་རིན་མེད་ཐོག་རྒྱལ་ས་མོ་སོ་ཁོ་རུ་འཕུར་སྐྱོད་བྱེད་ཆོག་གི་ཡོད་སྐོར་སོགས་བརྗོད་འདུག

གནམ་གྲུ་ཨང་(SU 1492)པ་ནི་ཕྱི་ལོ་ ༢༠༡༡ ལོར་ཐོག་མར་ཨུ་རུ་སུའི་མཁའ་སྐྱོད་ཞབས་ཞུའི་ཁོངས་སུ་ཞུགས་ཤིང་། གནམ་གྲུ་དེ་ནི་ཨུ་རུ་སུའི་གཞུང་འབྲེལ་མ་ཡིན་པའི་རྒྱལ་ཡོངས་ཀྱི་གནམ་གྲུའི་ཞབས་ཞུ་ཤུགས་ཆེ་ཤོས་ཤིག་ཡིན་པ་དང་། ཕྱི་ལོ་ ༢༠༡༢ ལོར་ཡུ་རོབ་མཁའ་སྐྱོད་བདེ་འཇགས་ལས་ཁུངས་ནས་ངོས་འཛིན་ལག་ཁྱེར་ཐོབ་སྟེ། ད་བར་ཆག་སྐྱོན་གྱི་དོན་རྐྱེན་རིགས་གང་ཡང་བྱུང་མྱོང་མེད་འདུག

ཕྱི་ལོ་ ༢༠༠༨ ལོར་ཨུ་རུ་སུའི་གནམ་གྲུ་ཨང་རྟགས་(Aeroflot Flight 821)གནམ་ཐང་དུ་བབས་སྐབས་ཆག་སྐྱོན་བྱུང་སྟེ། ནང་དུ་ཁ་ལོ་བ་དང་འགྲུལ་བ་ཁྱོན་ ༨༨ ཡོད་པ་ཚང་མ་རྐྱེན་འདས་སུ་ཕྱིན་ཡོད་པ་སོགས། ཕྱི་ལོ་ ༡༩༢༣ ལོར་ཨུ་རུ་སུའི་རྒྱལ་ཡོངས་གནམ་གྲུ་ཞབས་ཞུ་སྡེ་ཚན་གསར་དུ་བཙུགས་པ་ནས་ད་ལྟའི་བར། ཁྱོན་མི་གྲངས་ ༨༢༣༡ ཙམ་མཁའ་འགྲུལ་ཁྲོད་རྐྱེན་འདས་སུ་ཕྱིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༥/༠༦

Leave a Reply