བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཐེངས་དང་པོ་ལེགས་པར་གྲུབ།

བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོའི་ཐོག་མཁས་པ་རྣམས་ཀྱིས་ཉིན་གྲངས་ ༣ རིང་དུས་འཁོར་གྱི་བྱུང་རིམ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོགས་ཀྱི་སྐོར་ལ་གསུང་བཤད་དང་བགྲོ་གླེང་གནང་ཡོད་པ་རེད།དེ་རིང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོའི་ལས་ཉིན་ ༣ པའི་སྔ་དྲོར། དགའ་ལྡན་ཁྲི་ཟུར་རི་རྫོང་རྒྱལ་སྲས་རིན་པོ་ཆེ་མཆོག་ཕེབས་ཏེ་གསུང་བཤད་གནང་སོང་བ་དང་། དེ་བཞིན་མཁས་པ་རྣམས་ཀྱིས་སྤྱིར་དུས་འཁོར་སྦྱོར་དྲུག་གི་བྱུང་རིམ་དང་། བྱེ་བྲག་ཇོ་ནང་ནང་དེ་ཇི་ལྟར་དར་ཁྱབ་བྱུང་མིན་གྱི་སྐོར་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དུས་འཁོར་དཀྱིལ་འཁོར་གྱི་ཁུངས་གང་ལ་གཏུགས་ཀྱི་ཡོད་མེད་དང་། དཀྱིལ་འཁོར་གྱི་དགོས་པ། ལུགས་གཞན་དང་མི་འདྲ་བའི་ཁྱད་པར་སོགས་ཀྱི་སྐོར། དེ་བཞིན། དུས་འཁོར་གྱི་གཞུང་ནས་གསུངས་པའི་གོ་ལའི་ཁྱིམ་རྒྱུད་ཀྱི་གྲུབ་སྟངས་དང་། སྐར་རྩིས་ཀྱི་བྱུང་རིམ། བོད་ཟླ་གསུམ་པར་དུས་འཁོར་གྱི་ལོ་འགོར་བརྩི་སྲོལ་གྱི་རྒྱབ་ལྗོངས་དང་དགོས་པ། ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་དཔལ་དུས་ཀྱི་འཁོར་ལོའི་ཐོག་གསན་བསམ་ཉམས་བཞེས་ཇི་ལྟར་མཛད་ཡོད་མེད་དང་། དུས་དབང་སྨིན་སྩོལ་ཇི་ཙམ་གནང་མིན། དུས་འཁོར་དང་འབྲེལ་བའི་ལེགས་བཤད་གང་དག་བརྩམས་མིན། དེ་དག་ལ་དམིགས་བསལ་གྱི་ཁྱད་ཆོས་གང་དག་ལྡན་མིན་སོགས་ཀྱི་སྐོར་དང་། གཞན་ཡང་།  སྔ་འགྱུར་རྙིང་མའི་ནང་དཔལ་དུས་ཀྱི་འཁོར་ལོ་ཇི་ལྟར་དར་འཕེལ་བྱུང་མིན་དང་། མཁས་པ་གང་དག་བྱོན་མིན། ད་ལྟའི་གནས་བབ། རྡུལ་ཚོན་གྱི་དཀྱིལ་འཁོར་འབྲི་བཞེངས་དང་འབྲེལ་བའི་ཆོ་ག་ཕྱག་ལེན་གནང་སྲོལ་སོགས་ཀྱི་སྐོར་ལ་གསུང་བཤད་དང་བགྲོ་གླེང་གནང་ཡོད་པ་རེད།

སྔ་དྲོའི་བགྲོ་གླེང་ཐོག་དགའ་ལྡན་ཁྲི་ཟུར་རི་རྫོང་རྒྱལ་སྲས་རིན་པོ་ཆེ་མཆོག་གིས། ༧གོང་ས་མཆོག་ནས་བཀའ་གནང་བ་ལྟར་དུས་འཁོར་བགྲོ་གླེང་ཆེན་མོར་གློ་བུར་བཅར་རྒྱུ་བྱུང་བ་དང་། དགུང་ལོ་ཆེན་པོ་ཡིན་པས་ཕར་གསུང་ན་སྒྲ་མི་དག་པ་དང་། ཚུར་ཞུས་ནའང་ཡག་པོ་གསན་ཐུབ་ཀྱི་མེད་ཀྱང་སྤྱན་གསལ་པོ་ཡོད་སྐོར་དང་། ཉིན་འགའི་རིང་དྷ་རམ་ས་ལའི་དུས་འཁོར་ར་བའི་ནང་དུ་དུས་འཁོར་གྱི་བགྲོ་གླེང་གནང་གི་ཡོད་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།དེའི་རྗེས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དཔལ་དུས་ཀྱི་འཁོར་ལོ་ཉམས་ཞིབ་པ་བསྟན་འཛིན་དགའ་བ་ལགས་ཀྱིས། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དུས་འཁོར་དཀྱིལ་འཁོར་གྱི་ཁུངས་གང་ལ་གཏུགས་ཀྱི་ཡོད་མེད་དང་། དཀྱིལ་འཁོར་གྱི་དགོས་པ། ལུགས་གཞན་དང་མི་འདྲ་བའི་ཁྱད་པར་སོགས་ཀྱི་སྐོར་ལ་གསུང་བཤད་གནང་སྐབས། དཀྱིལ་འཁོར་ལབ་དུས་ང་ཚོའི་ཀླད་པའི་ནང་དཀྱིལ་འཁོར་རམ་རྡོག་རྡོག་ཅིག་ཤར་ཡོང་གི་ཡོད་པ་རེད།  ཡིན་ནའང་། དོན་དངོས་ཐོག་དཀྱིལ་འཁོར་ལབ་དུས་དེ་འདྲ་སྟབས་བདེ་པོ་ཞིག་མེད་པ་འདྲ་པོ་རེད། རྒྱུ་མཚན་དཀྱིལ་འཁོར་ལབ་དུས་མཉམ་འདུས་ཀྱི་ཕུང་པོ་འདྲ་པོ་རེད། གང་ཡིན་ཟེར་ན། ང་ཚོའི་ཀླད་པའི་ནང་ཤར་བའི་དཀྱིལ་འཁོར་དེ་འདྲ་ཞིག་ཡིན་ནའང་། དཀྱིལ་འཁོར་ཐོག་མར་ས་དཔྱད་རིག་པ་ནས་ཐིག་འཛིན་གྱི་རིམ་པ་དང་། དེ་ནས་སྒྲུབ་ཐབས་སམ་མངོན་རྟོགས་སོགས་མཉམ་འདུས་ཕུང་པོ་ཞིག་ལ་དཀྱིལ་འཁོར་ལབ་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། ཅེས་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཐིག་རྩའི་ཁུངས་གཏུགས་ས་མཁས་གྲུབ་རིན་པོ་ཆེས་མཛད་པའི་དཔལ་དུས་ཀྱི་འཁོར་ལོ་ཞེས་པའི་དཔེ་དེབ་དེ་ཡིན་པ་དང་། མཁས་གྲུབ་རིན་པོ་ཆེས་པཎྜིཏ་འཇིགས་མེད་ཆོས་ཉིད་མཆོག་གིས་བརྩམས་གནང་བའི་དཀྱིལ་མཆོག་རྡོ་རྗེ་ཕྲེང་བ་ཞེས་པར་ཁུངས་གཏུགས་ཀྱི་ཡོད་པ་དང་། དཀྱིལ་མཆོག་རྡོ་རྗེ་ཕྲེང་བ་དེ་བདེ་ཆེན་དྲི་མེད་འོད་ལ་ཁུངས་གཏུགས་ཡོད་པ་སོགས། མདོར་དོན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དཀྱིལ་འཁོར་ཁུངས་གཏུགས་ས་སངས་རྒྱས་བཅོམ་ལྡན་འདས་ཡིན་སྐོར་སོགས་གསུངས་སོང་།

མཇུག་ཏུ་གསར་འགོད་པས་རིས་མེད་མཁས་པའི་བགྲོ་གླེང་འདིའི་ཐོག་ཤེས་རབ་གླིང་ནས་ཕེབས་པའི་སྐར་རྩིས་དགེ་རྒན་དགེ་བཤེས་ངག་དབང་ལགས་སུ། ཉིན་ ༣ གྱི་བགྲོ་གླེང་རིང་དཀྱིལ་འཁོར་སྐོར་ལ་ཐུགས་ཕན་ག་རེ་གསོས་ཡོད་སྐོར་དྲིས་པར་ཁོང་གིས། དུས་འཁོར་ལབ་དུས་གསང་སྔགས་ཀྱི་ཆོས་ཧ་ཅང་རྒྱ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། ང་རང་སྔོན་མ་ནས་དུས་འཁོར་སྐོར་ལ་སྦྱངས་བ་དང་ཤེས་ཡོན་ཅན་དེ་འདྲ་གང་ཡང་མ་རེད། འོན་ཀྱང་། ད་རེས་གོ་སྐབས་འདི་བརྒྱུད་ནས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མས་དམིགས་བསལ་དུས་འཁོར་སྐོར་ལ་ག་ཚོད་ཐུབ་ཐུབ་ཀྱིས་ཉམས་ཞིབ་བྱས་ན་ཧ་ཅང་གི་ཡག་པོ་འདུག་བསམ་བྱུང་། ད་རེས་བགྲོ་གླེང་འདིའི་ནང་དུས་འཁོར་སྐོར་ལ་བརྗོད་གཞི་གླེང་བ་ཙམ་མ་ཟད། དུས་འཁོར་གྱི་རུས་མེད་མཁས་པའི་བགྲོ་གླེང་འདི་འདྲ་བོད་གངས་ཅན་གྱི་ལྗོངས་དང་ང་ཚོ་འདིར་རྒྱ་གར་ལ་འབྱོར་བ་ནས་བྱུང་ཨ་ཡོད་ན་བསམ་བྱུང་། ད་རེས་སྤྱིར་བཏང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་སྐྱེད་ཁོ་ན་ལ་བརྟེན་ནས་བྱུང་བ་རེད་ལ། དམིགས་བསལ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་གོ་སྒྲིག་གནང་བ་ལ་བརྟེན་ནས་རྗེ་ཙོང་ཁ་བ་ཆེན་པོ་དགོངས་པ་རྫོགས་ནས་ལོ་ ༦༠༠ འཁོར་བའི་རྗེས་དྲན་གྲ་རྒྱས་པོ་དང་སྤུས་དག་པོ་འདི་བྱུང་བ་རེད། ང་རང་སྒེར་ལ་ཡིན་ན་དཔེ་མི་སྲིད་པའི་བློ་སྐྱེད་ཡག་པོ་བྱུང་སོང་། ཞེས་བརྗོད་བྱུང་།

ཡང་གསར་འགོད་པས་བགྲོ་གླེང་འདི་བརྒྱུད་མ་འོངས་པར་ཁ་ཕྱོགས་འདི་འདྲ་ཞིག་གི་ཐོག་འགྲོ་དགོས་ས་རེད་བསམ་པའི་བསམ་བློ་གསར་པ་འཁོར་ཡོད་མེད་དྲིས་པར་ཁོང་གིས། དེ་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མེད་དེ། ནམ་རྒྱུན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས།  ང་ཚོར་བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཡོད་པ་དེ་རྩིག་བཞག་པ་མ་ཡིན་པར་དེའི་ལེགས་ཆ་དེ་ཚོར་ཉམས་ཞིབ་དང་ཉམས་ལེན་བྱ་རྒྱུ་གལ་ཆེན་ཡིན་པའི་བཀའ་སློབ་གནང་གི་ཡོད་པ་རེད། དེར་བརྟེན། ད་ལན་དུས་འཁོར་གྱི་བགྲོ་གླེང་དང་སྦྲགས་ཏེ། དུས་འཁོར་གསང་སྔགས་ཀྱི་བླ་ན་མེད་པའི་ཆོས་ཤིག་ཡིན་པ་དང་། གསང་སྔགས་ཀྱི་ཆོས་དེ་ང་ཚོས་ཁྲོམ་བསྒྲགས་བྱས་ཆོག་པ་ཞིག་ཡིན་ས་མ་རེད། འོན་ཀྱང་། ད་རེས་དུས་འཁོར་ལ་ལེའུ་ ༥ ཡོད་པའི་ནང་ནས་ཕྱི་འཇིག་རྟེན་ཁམས་ཀྱི་ལེའུ་སྟེ། ང་ཚོ་ཕྱི་ཡི་འཇིག་རྟེན་གཟའ་དང་སྐར་མ། ནམ་མཁའ་ལ་ཡོད་པའི་གཟའ་སྐར་སོགས་གྲུབ་སྟངས་སྐོར་ལ་གནས་ཚུལ་ཟབ་རྒྱས་གསུངས་བཞག་ཡོད་པ་རེད། དེར་བརྟེན། སྐད་ཡིག་གཉིས་ལྡན་གྱི་གཞོན་སྐྱེས་ཚོས་དེ་དག་ལ་ཁ་ཡོད་ལག་ཡོད་ཀྱིས་སློབ་སྦྱོང་བྱས་པ་ཡིན་ན་ཚན་རིག་དང་དཔུང་བ་མཉམ་གཤིབ་ཀྱིས་འགྲོ་ཐུབ་པ་ཞིག་ཡོང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།བོད་ཀྱི་སྨན་རྩིས་ཁང་གི་རྩིས་རམས་པ་རྒན་དཀོན་མཆོག་བསྟན་འཛིན་ལགས་ནས་ད་ལན་ཐུགས་ཕན་ཅི་བྱུང་སྐོར་ལ་ཁོང་གིས།  རྩ་བའི་སྨན་རྩིས་ཁང་རང་ལ་སློབ་འཁྲིད་བྱས་བསྡད་ཡོད་པ་དེ་དུས་ཀྱི་འཁོར་ལོའི་གཞུང་དང་ཁྲི་བདུན་གྱི་འཁོར་ལོའི་ནང་ནས་གཟའ་སྐར་གྱི་རྣམ་གཞག་རེད། བོད་ཀྱི་སྨན་རྩིས་ཁང་གིས་ཁྲི་བདུན་གྱི་རྣམ་གཞག་ཐོག་ནས་ལོ་རྟག་པར་ལོ་ཐོ་འདོན་གྱི་ཡོད། ད་ལྟ་འདིར་རྩ་རླུང་ཐིག་རིས་ལ་སོགས་པའི་ནང་དང་གཞན་གཉིས་པོ་དེ་སྨན་རྩིས་ཁང་དུ་རྟོགས་ཐུབ་མཁན་དཀའ་ལས་ཁག་པོ་འདྲ་པོ་རེད། དེར་བརྟེན། དུས་འཁོར་གྱི་བགྲོ་གླེང་ནང་མཉམ་ཞུགས་བྱས་པ་བརྒྱུད། ང་ཚོས་སྐར་རྩིས་རིག་པ་སྦྱངས་པ་དེ་ཕྱི་ལུགས་ཀྱི་རྩིས་ཀྱི་འགྲོ་སྟངས་ལྟར་མཉམ་དུ་འགྲོ་ཐུབ་ཀྱི་ཡོད་པས་སྤོབས་པ་སྐྱེས་བྱུང་ལ། སྦྱངས་བ་དེ་དོན་མེད་ཀྱང་རེད་མི་འདུག་བསམ་པ་བྱུང་། ཞེས་བརྗོད་བྱུང་།

ཡང་ཁོང་གིས། ང་ཚོར་ཆ་བཞག་ན་ནང་དུས་ཀྱི་འཁོར་ལོ་དང་གཞན་དུས་ཀྱི་འཁོར་ལོའི་སྐོར་ལ་གོ་རྟོགས་ཀླད་གོར་རེད། གསར་པ་འདྲ་པོ་ཆགས་བསྡད་ཡོད་པར་བརྟེན། ད་རེས་མཁས་དབང་རྣམ་པས་རྩ་རླུང་ཐིག་རིས་དང་རྣམ་གཞག་དེ་ཚོའི་སྐོར་གསུང་ཡོང་དུས། དེ་ཚོའི་ཐོག་ལ་རྩིས་དང་འབྲེལ་བའི་གནད་འགག་འདུག་པས། མ་འོངས་པར་བགྲོ་གླེང་འདི་འདྲ་ཡོད་པ་ཡིན་ན་ང་ཚོ་མཉམ་ཞུགས་དང་འདི་ཚོའི་ཐོག་སློབ་སྦྱོང་བྱེད་འདོད་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༥/༠༧

Leave a Reply

One thought on “བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཐེངས་དང་པོ་ལེགས་པར་གྲུབ།