ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་སྔར་ལྷག་གནང་དགོས་པའི་སྤྱི་མོས་གྲོས་ཆོད་བཞག

ཐའེ་ཝན་རང་སྲུང་གི་ནུས་པ་རྒྱ་སྐྱེད་གཏོང་ཆེད་རྒྱ་ནག་གི་གནོན་ཤུགས་ལས་བརྒལ་ཏེ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ནང་མཉམ་ཞུགས་བྱེད་པར་ཨ་རིའི་གཞུང་ནས་རམ་འདེགས་གནང་དགོས་པའི་གྲོས་ཆོད་བཞགཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་གཞུང་ནས་ཕྱི་འབྲེལ་དང་དམག་དོན་ཐད་ནས་ཐའེ་ཝན་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པར་བརྟེན། ཨ་རིའི་གཞུང་ནས་ཐའེ་ཝན་གྱི་རྒྱལ་སྲུང་ཡར་རྒྱས་ལ་རམ་འདེགས་དང་ཡུལ་གཉིས་ཀྱི་འབྲེལ་བ་དམ་ཟབ་ཡོང་ཐབས་སྐོར་ལ་སྤྱི་མོས་གྲོད་ཆོད་ཅིག་བཞག་གནང་ཡོད་འདུག

དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ངོ་ཡོད་འཐུས་མི་ ༤༡༤ ཡིས་ཨ་རིའི་གཞུང་ནི་ཐའེ་ཝན་ཕྱོགས་ལ་བློ་སེམས་རྩེ་གཅིག་ཡིན་པ་བསྐྱར་དུ་ནན་བརྗོད་གནང་པ་དང་སྦྲགས།  ཕྱི་ལོ་ ༢༠༡༩ ལོའི་ཐའེ་ཝན་ཁག་ཐེག་ཁྲིམས་འཆར་ (Taiwan Assurance Act of 2019) ལ་རྒྱབ་སྐྱོར་གནང་ཡོད་པ་དང་།  ཐའེ་ཝན་ནི་ཨ་རིའི་ཞི་བདེ་རྒྱ་མཚོའི་སྲིད་བྱུས་དང་འབྲེལ་བའི་ཧ་ཅང་གལ་ཆེན་གྱི་ཆ་ཤས་ཤིག་ཡིན་སྟབས། ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་སྲུང་འགྲོ་གྲོན་སྤར་དགོས་པ་དང་། ཐའེ་ཝན་ནང་རྒྱལ་སྲུང་གོ་མཚོན་འཚོང་འདྲེན་དགོས་པ་དང་། དེ་བཞིན་རང་སྲུང་གི་ནུས་པ་རྒྱ་སྐྱེད་གཏོང་ཆེད་རྒྱ་ནག་གི་གནོན་ཤུགས་ལས་བརྒལ་ཏེ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ནང་མཉམ་ཞུགས་བྱེད་པར་རམ་འདེགས་བྱེད་དགོས་སྐོར་སྤྱི་མོས་གཏན་འབེབ་བྱུང་ཡོད་འདུག

དེ་རིང་ཐའེ་ཝན་གྱི་ཕྱི་སྲིད་ལས་ཁུངས་ནས་དེ་ནི་ལེགས་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པས་ཡི་རངས་དང་སྦྲགས། ཐའེ་ཝན་གྱིས་མུ་མཐུད་ཨ་རིའི་གཞུང་དང་ལག་གདེང་སྦྲེལ་ཏེ་ཨ་རི་དང་ཐའེ་ཝན་གྱི་འབྲེལ་ལམ་བརྟན་པོ་དང་གཏིང་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་སྐོར་བསྒྲགས་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གུན་ཧྲང་(Geng Shuang)ཟེར་བ་དེས། གྲོས་འཆར་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པ་དང་། ཐའེ་ཝན་དང་འབྲེལ་བའི་གནད་དོན་དེ་འོས་འཚམ་གྱིས་ཐག་གཅོད་བྱས་ཏེ། གལ་ཆེ་བའི་ཨ་རྒྱ་གཉིས་ཀྱི་ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་བརླིང་ལ་གནོད་སྐྱོན་བཟོ་མི་རུང་བས། ཨ་རི་གཞུང་ངོས་ནས་གྲོས་འཆར་དེ་འགོག་དགོས་སྐོར་བརྗོད་འདུགརྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་ཐའེ་ཝན་མེས་རྒྱལ་ནང་ཕྱིར་ལོག་དགོས་པ་ལས། ཐའེ་ཝན་རང་བཙན་ལ་ངོས་ལེན་བྱེད་ཐབས་མེད་པ་བརྗོད་ཀྱི་ཡོད་པ་དང་། ཐའེ་ཝན་གྱི་གནད་དོན་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པས་ཨ་རི་སོགས་ལ་ཐེ་བྱུས་བྱེད་དབང་མེད་སྐོར་བརྗོད་ཀྱི་ཡོད་པ་མ་ཟད། འདི་ལོའི་ལོ་གསར་ཚེས་ ༡ ཉིན། ཞི་ཅིན་ཕིན་གྱིས་མེས་རྒྱལ་གོང་བུ་གཅིག་ཏུ་བསྒྲིལ་བར་དགོས་ངེས་བྱུང་ཚེ་དྲག་ཤུགས་སྤྱོད་རྒྱུ་ཡིན་ལུགས་བསྒྲགས་ཡོད་པ་རེད།

བདུན་ཕྲག་སྔོན་མར་རྒྱ་ནག་གི་རྒྱལ་ས་པེ་ཅིན་ཏུ་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐུས་མིས་གྲོས་མོལ་བྱས་ཡོད་པ་དང་། རྒྱལ་སྤྱིའི་གསར་འགོད་པ་ཚོར་གྲོས་མོལ་གྲུབ་འབྲས་ལྡན་པ་ཞིག་བྱུང་ཚུལ་བརྗོད་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༥ ཉིན། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊི་ཊིར་ཐོག རྒྱ་ནག་དང་མུ་མཐུད་ཚོང་དོན་གྲོས་མོལ་བྱེད་བཞིན་ཡོད་ནའང་གྲུབ་འབྲས་ཐོན་ཧ་ཅང་དལ་བ་དང་། འདས་པའི་ཟླ་ ༡༠ རིང་རྒྱ་ནག་གིས་ཨ་རིར་ཉེར་མཁོའི་དངོས་ཟོག་ལ་རྒྱལ་ཁྲལ་བརྒྱ་ཆའི་ ༡༠ སྤྲོད་ཀྱི་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནས་བརྒྱ་ཆའི་ ༢༥ འཕར་གྱི་ཡོད་སྐོར་གསུངས་ཡོད་སྟབས། ཨ་རྒྱ་གཉིས་ཀྱི་ཚོང་དོན་གྲོས་མོལ་མུ་མཐུད་ཛ་དྲག་ངང་ལྷུང་ཡོད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཨ་རིའི་ནང་ཚོང་དོན་གྲོས་མོལ་འཚོགས་འཆར་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༦ ཉིན། གློ་བུར་དུ་རྒྱ་ནག་གཞུང་གིས་ཚོང་དོན་གྲོས་མོལ་དེའི་ནང་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ཚོགས་པའི་ནང་། རྒྱ་ནག་གི་སྲིད་བློན་གཞོན་པ་དང་ཞི་ཅིན་ཕིན་གྱི་དཔལ་འབྱོར་རིག་པའི་སློབ་སྟོན་པ་ལུའུ་ཧེ་ (Liu He) མཉམ་ཞུགས་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པས། རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་འགའ་རེས་རྒྱ་ནག་གི་ཕྱོགས་ནས་ཐེངས་འདིའི་ཨ་རྒྱའི་ཚོང་དོན་གྲོས་མོལ་ཐད་ནུས་ཤུགས་འཕར་མ་འདོན་བཞིན་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག

ཕྱི་ཚེས་ ༦ ཉིན་རྒྱལ་སྤྱི་ཚོང་ལས་དང་དཔལ་འབྱོར་གསར་ཁང་ (CNBC) གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཊོམ་ཕུ་མཆོག་གིས་གནས་ཚུལ་དེ་སྤེལ་གནང་པར་བརྟེན། རྒྱལ་སྤྱིའི་མ་འཛུགས་མཁན་མང་པོས་མ་རྐང་ཕྱིར་འཐེན་བྱས་ཏེ། རྒྱལ་སྤྱིའི་མ་རྐང་ཁྲོམ་རའི་གོང་ཚད་མར་ཟགས་ཡོད་པ་ལྟར། རྒྱ་ནག་ཧྲང་ཧེ་དངུལ་འཛིན་ཉོ་ཚོང་ཁང་(Shanghai Composite) གི་མ་རྐང་སྤྱིའི་གོང་ཚད་བརྒྱ་ཆ་ ༥.༦ ལ་ལྷུང་ཡོད་པ་དང་། དེ་བཞིན་ཨེ་ཤ་ཡའི་མ་རྐང་ཁྲོམ་ར་མང་པོའི་གོང་ཚད་མར་ཟགས་ཡོད་འདུགབྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཕྱི་ལོ་ ༢༠༡༨ ལོར་ཨ་རིས་རྒྱ་ནག་གི་དངོས་ཟོག་ཁྱོན་ཨ་སྒོར་ཐེར་འབུམ་ ༥༣༩ ཙམ་ནང་འདྲེན་བྱས་ཡོད་པ་དང་། དེ་ལས་ཨ་སྒོར་ཐེར་འབུམ་ ༢༥༣ ཙམ་གྱི་དངོས་ཟོག་ལ་རྒྱལ་ཁྲལ་ཕོག་ཡོད་པ་དང་། མུ་མཐུད་ཕོག་བཞིན་ཡོད་ལ། ཨ་སྒོར་ཐེར་འབུམ་ ༢༠༠ ཙམ་ལ་རྒྱལ་ཁྲལ་ཕོག་ཉེན་ཡོད་པ་དང་། དེ་བཞིན་རྒྱ་ནག་གིས་ཀྱང་ཨ་རིའི་དངོས་ཟོག་ལ་རྒྱལ་ཁྲལ་སྤར་ཡོད་པ་ལྟར།  ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གིས་ཨ་རིའི་དངོས་ཟོག་ཁྱོན་ཨ་སྒོར་ཐེར་འབུམ་ ༡༢༠ ཙམ་ནང་འདྲེན་བྱས་ཡོད་པ་དང་། དེ་ལས་ཨ་སྒོར་ཐེར་འབུམ ༥༠ ཙམ་གྱི་དངོས་ཟོག་ལ་རྒྱལ་ཁྲལ་ཕོག་ཡོད་པ་དང་། མུ་མཐུད་ཕོག་བཞིན་ཡོད་སྐོར་བསྒྲགས་ཡོད་པ་དང་། ཨ་སྒོར་ཐེར་འབུམ་ ༦༠ ཙམ་གྱི་དངོས་ཟོག་ལ་རྒྱལ་ཁྲལ་ཕོག་ཉེན་ཡོད་སྐོར་བསྒྲགས་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༠༨

Leave a Reply