ཆོས་དབྱིངས་སྐྱིད་ཀྱིས་བསྐྱར་དུ་ཨང་དང་པོ་བླངས།

བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ཀྱིས་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་འགྲན་ཚོགས་སྟེང་བུད་མེད་ཀྱི་སྤྱི་ལེ་ ༢༠ འདུར་རྒྱུག་ཁྲོད་ཨང་དང་པོ་བླངས་འདུག

དེ་རིང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཚོགས་པ་ཟེར་བའི་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མནའ་མཐུན་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༩ ལོའི་འཛམ་གླིང་གི་ལུས་རྩལ་འགྲན་བསྡུར་རྒྱ་ནག་ཅང་སུའུ་ཞིང་ཆེན་དུ་ཚོགས་པ་ཡོད་པ་དང་། བོད་རིགས་བུད་མེད་ཨོ་རྩལ་བ་ཆོས་དབྱངས་སྐྱིད་ལགས་ཀྱིས་བུད་མེད་ཀྱི་སྤྱི་ལེ་ ༢༠ འདུར་རྒྱུག་ཁྲོད། ཆུ་ཚོད་ ༡ དང་སྐར་མ ༢༨ ནང་ཨང་དང་པོ་དང་། གཞན་མཚོ་སྔོན་ཞིང་ཆེན་ལུས་རྩལ་རུ་ཆེན་དང་པོའི་ལུས་རྩལ་པ་ཀླུ་མོ་མཚོས་ཆུ་ཚོད་ ༡ དང་སྐར་མ་ ༣༠ སྐར་ཆ་ ༥༣ ནང་ཨང་ལྔ་པ་བཅས་བླངས་ཡོད་འདུག

དེ་འབྲེལ་གྱི་གསར་འགྱུར་ནང་ཐེངས་འདིའི་འགྲན་བསྡུར་ཁྲོད་ཉི་ཧོང་དང་ཨོ་སི་ཊོ་ལི་ཡ། བྷར་ཛིལ། ཡོ་རོབ་སོགས་རྒྱལ་ཁབ་དང་ས་ཁུལ་ ༡༣ ནས་ལུས་རྩལ་བ་ཁྱོན་ ༢༤༥ མཉམ་ཞུགས་བྱས་ཡོད་པ་དང་། བུད་མེད་ཀྱི་འདུར་རྒྱུག་ཁྲོད་ཕྱི་ལོ་ ༢༠༡༢ ལོའི་ལོན་ཊོན་ཨོ་རྩལ་འགྲན་ཚོགས་སྐབས་ཨང་དང་པོ་ལེན་མཁན་རྒྱ་རིགས་བུ་མོ་ཁྲིན་ཏིན་དང་། ཕྱི་ལོ་ ༢༠༡༨ ལོའི་རྒྱལ་སྤྱིའི་རྒྱང་རྒྱུག་འགྲན་བསྡུར་གྱི་སྤྱི་ལེ་ ༥༠ ཨང་དང་པོ་ལེན་མཁན་བུད་མེད་ལེན་རོའོ་སོགས་མཉམ་ཞུགས་བྱས་ཡོད་པ་ལས། བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་དེ་དག་ལས་ཡོངས་སུ་རྒྱལ་ཏེ་ཨང་དང་པོ་བླངས་ཡོད་སྐོར་བརྗོད་འདུག

གཞན་ཡང་ད་ལོའི་ཕྱི་ཟླ་ ༤ ཚེས་ ༦ ཉིན་རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་མཐུན་ཚོགས་(International Association of Athletics Federation) གྱི་གོ་སྒྲིག་འོག ཡུ་རོབ་ཀྱི་པོར་ཇུ་གྷལ་རྒྱལ་ཁབ་ཀྱི་རིའོ་མེ་ཝོར་གྲོང་ཁྱེར་དུ་བསྡུས་པའི་ ༢༠༡༩ ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་སྡུར་སྐབས་ ༡༧ པའི་སྟེང་། བོད་རིགས་ཨོ་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཀྱིས་བུད་མེད་ཀྱི་སྤྱི་ལེ་ཉི་ཤུའི་འདུར་རྒྱུགས་འགྲན་སྡུར་ཁྲོད་ནས་ཨང་དང་པོའི་གསེར་གྱི་རྟགས་མ་བླངས་ཡོད་པ་དང་། སྐབས་དེར་ཁོ་མོས་འདུར་རྒྱུགས་དེ་ཆུ་ཚོད་ ༡ སྐར་མ་ ༢༩ སྐར་ཆ་ ༠༠ ཡིན་པ་མ་ཟད། ཐོག་མའི་སྤྱི་ལེ་དང་པོ་རང་ནས་རྩེར་སོན་གྱིས་རྒྱལ་ཁའི་མཐའ་ལ་མ་ཐུག་བར་དུ་འདུར་རྒྱུགས་ཀྱི་སྣེ་ཁྲིད་དེ་ཨང་དང་པོ་བླངས་ཡོད་པ་རེད།

ཆོས་དབྱིངས་སྐྱིད་ལགས་ཀྱིས་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་ལོན་ཊོན་དུ་བསྡུས་པའི་རྒྱལ་སྤྱིའི་བུད་མེད་ཀྱི་འདུར་རྒྱུགས་འགྲན་བསྡུར་ཁྲོད་ཨང་གཉིས་བླངས་ཡོད་པ་དང་། དེའི་རྗེས་བསྟུད་མར་རྒྱ་ནག་ནང་ལོགས་དང་རྒྱལ་སྤྱིའི་རྩེད་འགྲན་ཁག་མང་པོའི་ནང་ཞུགས་ཏེ་རྒྱལ་ཁ་བླངས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ དང་ ༢༠༡༨ ལོར་རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་བུད་མེད་ཀྱི་འདུར་རྒྱུགས་འགྲན་སྡུར་ཁྲོད་ཨང་རིམ་དང་པོ་བླངས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་རྒྱ་ནག་ཤར་རྒྱུད་ཨན་ཧྭེ་ཞིང་ཆེན་གྱི་ཧང་ཧྲན་གྲོང་ཁྱེར་ (Huangshan, Anhui) དུ་བསྡུས་པའི་རྒྱ་ནག་རྒྱལ་ཡོངས་རྩེད་འགྲན་ཁྲོད་ཨང་དང་པོ་བླངས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༩ ལོ་ནས་འཛམ་གླིང་གི་བུད་མེད་འདུར་རྒྱུགས་མྱུར་ཚད་མཐོ་ཤོས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད་པ་རེད།

ཉེ་བའི་ལོ་ཤས་ནས་བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་དང་སྟོབས་རྒྱལ་སོགས་གཙོར་བྱས་རྒྱལ་སྤྱི་དང་རྒྱལ་ནང་རང་བཞིན་གྱི་ལུས་རྩལ་བ་མང་པོ་ཞིག་བྱུང་ཡོད་པ་དང་། ཁོ་ཚོས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས་བོད་ཁུལ་གྱི་ན་གཞོན་མང་པོར་ལུས་རྩལ་ཐད་རྨི་ལམ་གསར་པ་ཞིག་བསྐྲུན་ཡོད་པ་ལྟར། ད་ལྟའི་ཆར་རྒྱལ་སྤྱིའི་ལུས་རྩལ་གྱི་གར་སྟེགས་ཆེ་ཤོས་ཁག་ན་མཆོང་རྒྱུག་འཕེན་གསུམ་དང་། ཁུ་ཚུར་འགྲན་བསྡུར་སོགས་ལུས་རྩལ་གྱི་རྣམ་གྲངས་མང་པོ་ཞིག་གི་ནང་བོད་རིགས་གཞོན་སྐྱེས་གང་མང་ཡོང་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༡༣

Leave a Reply

2 thoughts on “ཆོས་དབྱིངས་སྐྱིད་ཀྱིས་བསྐྱར་དུ་ཨང་དང་པོ་བླངས།

  1. ཆོས་དབྱིངས་སྐྱིད་ནི་ང་ཚོའི་བོད་མི་རིགས་ཀྱི་དཔའ་མོ་ཞིག་དང་མི་རིགས་ཀྱི་གཟི་བརྗིད་ཅན་གྱི་བུད་མེད་ཤིག་ཏུ་མཐོང་།

  2. ཆོས་དབྱིངས་སྐྱིད་ཡིན་ནམ་ཆོས་གཡང་སྐྱིད་ཡིན་གང་ལྟར་ཁྱོད་ནི་མི་རིགས་ཀྱི་དཔལ་མོ་ཡིན་པས་བྱ་བ་ལམ་འགྲོ་ཡོང་བ་དང་མི་ཚེ་བར་ཆད་མེད་པ་ཤོག