ཨ་རིའི་གྲོས་ཚོགས་འཐུས་མི་ ༣༢ ཀྱིས་བོད་དོན་ཞུ་ཡིག་ཕུལ།

ཨ་རིའི་གྲོས་ཚོགས་འཐུས་མི་ ༣༢ གྱིས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མཆོག་གི་མཚན་ཐོག་ཏུ་ཞུ་ཡིག་ཕུལ་ཏེ་བོད་དང་འབྲེལ་བའི་ཁྲིམས་ཡིག་ཁག་ལག་བསྟར་ཚགས་ཚུད་གནང་རྒྱུའི་དུས་ལ་བབ་ཡོད་སྐོར་འབོད་སྐུལ་ཞུས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ (Tom Lantos Human Rights Commision) གི་གཞུང་འབྲེལ་དྲ་རྒྱའི་སྟེང་། ཚོགས་ཆུང་དེའི་ཚོགས་གཙོ་སྐུ་ཞབས་ཇེམ་སི་པེ་ཊི་རིག་མེག་གྷོ་ཝན་ (James Patrick McGovern) ལགས་དང་། སྐུ་ཞབས་ཁི་རི་སི་ཊོ་ཧྥར་ཧེན་རི་སི་མི་ཐི་ (Christopher Henry. Smith)ལགས་རྣམ་གཉིས་ཀྱིས། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་ ༣༢ ཀྱིས་མཉམ་འབྲེལ་ཐོག་ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐུ་ཞབས་མེག་པོམ་པེའི་ (Mike Pompeo)མཆོག་གི་མཚན་ཐོག་ཏུ། བོད་དོན་རྒྱབ་སྐྱོར་སྐོར་གྱི་ཞུ་ཡིག་ཅིག་ཕུལ་ཡོད་སྐོར་ཡོངས་བསྒྲགས་གནང་བའི་ནང་། གྲོས་ཚོགས་འཐུས་མི་ ༣༢ ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་གཏན་འབེབ་བྱས་པའི་ ༢༠༠༢ ལོའི་བོད་ཀྱི་སྲིད་བྱུས་ཁྲིམས་ཡིག(The Tibetan Policy Act of 2002) དང་། ༢༠༡༨ ལོའི་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་ཡིག་ (Reciprocal Access to Tibet Act of 2018) གཉིས་འཛིན་སྐྱོང་གི་ངོས་ནས་ལག་བསྟར་ནན་པོ་བྱེད་རྒྱུའི་དུས་ལ་བབ་ཡོད་སྐོར་ཞུས་ཡོད་འདུག

གྲོས་ཚོགས་འཐུས་མི་རྣམ་པས་ད་ལན་ང་ཚོས་ཞུ་ཡིག་འདི་བྲིས་དགོས་དོན་ནི། ང་ཚོར་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་བོད་མི་རྣམས་ཀྱི་བདེ་སྡུག་ཐད་བློ་འཚབ་ཆེན་པོ་ཡོད་པ་དང་། ཨ་རིའི་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ལམ་སྟོན་ཆེད་གྲོས་ཚོགས་ནས་གཏན་འབེབ་བྱས་པའི་ཁྲིམས་དེ་དག་འཕྲལ་དུ་ལག་བསྟར་དོ་ནན་བྱེད་དགོས་པའི་རེ་སྐུལ་ཞུ་ཡི་ཡོད། ཅེས་བཀོད་ཡོད་པ་དང་། ཡང་ཞུ་ཡིག་ནང་། དེང་སྐབས་བོད་ནང་མུ་མཐུད་དྲག་གནོན་བྱེད་བཞིན་ཡོད་པ་དང་། རང་དབང་ཁང་པས་ (Freedom House) བཏོན་པའི་འཛམ་གླིང་ནང་གི་རང་དབང་ (Freedom in the World) ཞེས་པའི་སྙན་ཐོ་འདོན་ཐེངས་གསར་ཤོས་ནང་། བོད་དེ་སི་རི་ཡ་ (Syria)དང་བྱང་ཀོ་རི་ཡ། ལྷོ་སུ་ཏན་(South Sudan) བཅས་ཚུད་པའི་འཛམ་གླིང་སྟེང་གི་ཆེས་རང་དབང་དཀོན་པའི་ཡུལ་ལུང་གི་ཁོངས་སུ་བཅུག་ཡོད། བོད་ནང་གི་ཆོས་འབྲེལ་ཚང་མ་རྒྱ་ནག་དམར་ཤོག་ཚོགས་པའི་བཙན་དབང་འོག་ཡོད་པ་དང་། བོད་མི་ནང་པ་རྣམས་ཀྱི་ཆོས་དད་རང་དབང་འཕྲོག་གི་ཡོད་སྟབས། ད་ལྟ་ཨ་རིའི་གཞུང་ངོས་ནས་བོད་སྐོར་གྱི་ཁྲིམས་དེ་དག་ཡོངས་སུ་ལག་བསྟར་བྱེད་རྒྱུ་གལ་ཆེན་ཡིན། ཞེས་གསུངས་འདུག

དེ་ཡང་ཞུ་ཡིག་དེའི་ནང་གཙོ་བོ་ཕྱི་ལོ་ ༢༠༠༢ ལོར་གཏན་འབེབ་བྱས་པའི་བོད་ཀྱི་སྲིད་བྱུས་ཁྲིམས་ཡིག་གི་དགོངས་དོན་གཞིར་བཟུང་། ཨ་རིའི་འཛིན་སྐྱོང་ལྷན་ཁང་ཧོ་ཁྱབ་ཁོངས་སུ་བོད་ཀྱི་གནད་དོན་ཐད་ལ་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་བྱེད་དགོས་ཀྱི་ཡོད་ཀྱང་། ད་ལྟའི་འཛིན་སྐྱོང་མགོ་བཙུགས་པ་ནས་བཟུང་ད་བར་དམིགས་བསལ་འབྲེལ་མཐུད་པའི་ཞབས་བཀྱག་དེ་སྟོང་པར་ལུས་ཡོད་སྟབས། གོ་གནས་དང་འཚམ་པའི་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་ཡོང་བའི་དགོས་འདུན་འདོན་གྱི་ཡོད་སྐོར་དང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱལ་སྲིད་དྲུང་ཆེ་མཆོག་རྣམ་གཉིས་ནས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གམ། ཁོང་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བརྒྱུད་བོད་ཀྱི་གནད་དོན་སེལ་ཐབས་བྱེད་དགོས་པའི་སྐུལ་འདེད་དང་། ཁོང་རྣམ་གཉིས་ནས་རྒྱ་ནག་གི་མགོ་འཁྲིད་རྣམས་དང་ཐུག་འཕྲད་གནང་སྐབས་དེའི་ཐད་གླེང་སློབ་གནང་དགོས་པ་མ་ཟད། བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་ཀྱི་མེད་པའི་གནད་དོན་དེ་ཡོངས་བསྒྲགས་བྱེད་དགོས་པའི་རེ་སྐུལ་ཞུ་ཡི་ཡོད་སྐོར་གསུངས་ཡོད་འདུག

གཞན་ཡང་། ད་ལན་གྱི་ཞུ་ཡིག་དེའི་ནང་འདས་ལོར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབ་གནང་པའི་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་ཡིག་དེའི་ནང་། ཁྲིམས་ཡིག་དེ་ཉིད་ལག་བསྟར་བྱས་ཚུན་ཨ་རིའི་འཛིན་སྐྱོང་ངོས་ནས་གྲོས་ཚོགས་ལ་ཨ་རིའི་སྐུ་ཚབ་དང་གསར་འགོད་པ། མི་སེར་རྣམས་བོད་ཀྱི་ས་ཁུལ་དུ་འགྲོ་སྐྱོད་ཀྱི་གནས་སྟངས་ཇི་འདྲ་ཡིན་མིན་དང་། བོད་ནང་འགྲོ་སྐྱོད་བཀག་སྡོམ་བྱེད་མཁན་གྱི་རྒྱ་ནག་གཞུང་འབྲེལ་མི་སྣ་དག་གི་མིང་ཐོ་སྤྲད་དེ། ཁོ་ཚོའི་ཨ་རིའི་ཐོངས་མཆན་ཕྱིར་བསྡུ་བྱེད་དགོས་ཀྱི་ཡོད་པ་དང་། གལ་ཏེ་ཁྲིམས་ཡིག་དེ་ཉིད་ལག་བསྟར་ཚགས་ཚུད་གནང་ཐུབ་ཚེ། པེ་ཅིན་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གིས་བོད་ཁུལ་དབྱེ་འབྱེད་ཀྱིས་དེའི་ནང་འགྲོ་སྐྱོད་བཀག་སྡོམ་བྱེད་བཞིན་པ་དེར་གུ་ཡངས་གཏོང་ཐབས་མེད་པའི་གནད་དོན་ཞིག་ཡིན་པའི་བརྡ་ལན་སྤྲོད་ཀྱི་ཡོད་སྐོར་གསུངས་འདུག

དེ་ཡང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཨ་རིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མེག་གྷོ་ཝན་ལགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་དགོས་པ་དེ་ནི་ཨ་རི་དང་རྒྱ་ནག་གཞུང་བར་གྱི་འབྲེལ་ལམ་གྱི་གཞི་རྩ་ཡིན་ལ། ཨ་རིའི་གྲོས་ཚོགས་ནང་བོད་ནང་གི་གནས་སྟངས་སྐོར་ལ་བློ་འཚབ་དང་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཨ་རིའི་སྲིད་འཛིན་མཆོག་དང་དྲུང་ཆེ་མཆོག་རྣམ་གཉིས་ནས་གྲོས་ཚོགས་འཐུས་མི་ལྷན་དུ་ལག་རྡང་སྦྲེལ་ཏེ། བོད་ཀྱི་སྲིད་བྱུས་ཁྲིམས་ཡིག་དང་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་ཡིག་གཉིས་ཡོངས་སུ་ལག་བསྟར་བྱ་དགོས་པའི་སྐུལ་འདེད་གཏོང་གི་ཡོད་སྐོར་གསུངས་འདུག

དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་སི་མི་ཐི་ལགས་ཀྱིས། ཨ་རིའི་གྲོས་ཚོགས་ཀྱིས་བོད་ཐོག་གི་ཁྲིམས་ཡིག་གཉིས་དེ་བོད་ནང་གི་ཆོས་སྲིད་ཀྱི་རང་དབང་ཡར་རྒྱས་ཡོང་ཆེད་གཏན་འབེབ་བྱས་པ་ཞིག་ཡིན་སྟབས། ཨ་རིའི་འཛིན་སྐྱོང་ངོས་ནས་ཁྲིམས་ཡིག་དེ་གཉིས་ལག་བསྟར་གནད་སྨིན་ཡོང་རྒྱུར་ཕྱག་ལས་གནང་དགོས་པ་དང་། ང་ཚོས་ཆོས་དད་རང་དབང་གཙོ་བོར་བྱས་པའི་འཇིག་རྟེན་ཡོངས་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་དག་བོད་གཙོས་པའི་ཡུལ་ལུང་ཀུན་ལ་གལ་ཆེན་ཡིན་པ་སྟོན་དགོས་སྐོར་གསུངས། ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་མེ་ཏེའུ་མེ་ཁ་ཁི་ (Matteo Mecacci) ལགས་ཀྱིས། ཨ་རིའི་གྲོས་ཚོགས་ཀྱི་བོད་མིར་རྒྱབ་སྐྱོར་གནང་པ་དེས། བོད་མི་ལས་བརྒལ་ཞིང་ང་ཚོ་དང་ང་ཚོའི་འཚོ་གནས་ལ་གལ་གནད་ཆེ་བའི་བདེན་པ་དང་། དྲང་བདེན་བཅས་ཀྱི་རིན་ཐང་ལ་རྒྱབ་སྐྱོར་བྱས་པ་མཚོན་གྱི་ཡོད། ཅེས་བསྔགས་བརྗོད་གནང་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༥/༡༥

Leave a Reply