སྙིང་སྟོབས་གླིང་གསར་འཛུགས་བྱས་ནས་ལོ་ངོ་ ༢༡ འཁོར། 

སྙིང་སྟོབས་གླིང་གི་འགན་འཛིན་སྤྱི་ཟུར་ངག་དབང་ལྷ་མོ་ལགས་ཀྱིས་སློབ་མའི་ཁྱིམ་བདག་རེ་འགས་སོ་སོའི་ཕྲུ་གུར་ཟུར་དུ་བདག་སྐྱོང་གང་ལེགས་གནང་དགོས་པའི་རེ་བ་འདོན་གྱི་ཡོད་ཀྱང་སློབ་མ་ཚང་མར་གཅིག་མཚུངས་ཀྱི་བདག་སྐྱོང་ཐོབ་པ་མ་གཏོགས་དམིགས་བསལ་གང་ཡང་མེད་སྐོར་བརྗོད་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་བོད་མིའི་དབང་པོ་སྐྱོན་ཅན་ལྟ་སྐྱོང་ཁང་སྙིང་སྟོབས་གླིང་བཙུགས་ནས་ལོ་ངོ་ཧྲིལ་པོ་ ༢༡ འཁོར་བའི་མཛད་སྒོ་ཞིག་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཀང་ར་རྫོང་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཝི་ཤལ་ལགས་དང་། དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། སྙིང་སྟོབས་གླིང་གི་ལས་བྱེད་ཟུར་པ་དང་ལས་ཐོག་དགེ་ལས། དེ་བཞིན་སློབ་ཕྲུག་བཅས་མི་གྲངས་ ༧༠ ལྷག་འཛོམས་འདུག་པ་དང་། མཛད་སྒོའི་སྟེང་དུ་སློབ་མ་རྣམས་ཀྱིས་གཞས་སྣ་གཟིགས་འབུལ་དང་། ལས་བྱེད་ཟུར་པ་ཁག་ཅིག་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་གནང་བ་དང་། དེ་བཞིན་རྒྱ་གར་གཞུང་དམངས་གཉིས་ཀྱི་བཀའ་དྲིན་རྗེས་དྲན་ཆེད་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཝི་ཤལ་ལགས་བརྒྱུད་དྷ་སའི་ཉེ་འཁོར་གྱི་རྒྱ་གར་བ་དབུལ་ཕོངས་རྣམས་ལ་གྱོན་ཆས་སྦྱིན་གཏོང་གནང་རྒྱུ་ཡིན་སྐོར་བརྗོད་སོང་།

སྙིང་སྟོབས་གླིང་གི་འགན་འཛིན་སྤྱི་ཟུར་ངག་དབང་ལྷ་མོ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྟེ་གནས་ཁང་འདི་ཉིད་ཐོག་མར་འཛུགས་པར་ཐུགས་སྨོན་དང་སྦྲགས། སྙིང་སྟོབས་གླིང་ཞེས་པའི་མཚན་གྱི་བྱིན་གྱིས་བརླབས་ཏེ་ལོ་ངོ་ ༢༡ ཏག་ཏག་འཁོར་ཡོད་པ་དང་། ང་ཚོས་དུས་རྟག་ཏུ་ཆོས་ཀྱི་འབྲེལ་བའི་ཆ་ནས་སྐྱབས་བཅོལ་ས་དེ་སྒྲོལ་མ་ཉི་ཤུ་རྩ་གཅིག་ཡིན་སྟབས། འདི་ལོར་དམིགས་བསལ་གྱི་གཞུང་འབྲེལ་མཛད་སྒོ་འདི་ཚོགས་པ་རེད། ཅེས་དང་། ད་ལྟ་སྙིང་སྟོབས་གླིང་དུ་དབང་པོ་སྐྱོན་ཅན་གྱི་སློབ་མ་མང་པོར་ལྟ་སྐྱོང་བྱེད་བཞིན་ཡོད་ལ། ང་ཚོའི་སྤྱི་ཚོགས་ནང་དབང་པོ་སྐྱོན་ཅན་ཡིན་ན་གཅིག་གིས་གཅིག་ལ་འཕྱ་སྨོད་དང་། སྣང་ཆུང་།  སུན་སྣང་བྱེད་པ་སོགས་ཀྱི་ཐད་ད་ལྟ་ཡར་རྒྱས་ཞེ་དྲགས་ཕྱིན་ཡོད་པ་ལྟར། ང་ཚོས་མུ་མཐུད་དབང་པོ་སྐྱོན་ཅན་རྣམས་ལ་འཕྱ་སྨོད་བྱེད་རྒྱུའི་ཚབ་ཏུ་ཁོང་ཚོ་གསོ་ཐབས་བྱེད་དགོས་རྒྱུ་གལ་ཆེན་རེད། ཅེས་དང་། དུས་རྒྱུན་ང་ཚོས་འདི་གའི་སློབ་མ་རྣམས་ལ་གད་འདར་རྒྱག་རྒྱུ་སོགས་ལས་ཀ་མང་པོ་སྐུལ་གྱི་ཡོད་པ་དེ་གཙོ་བོ་ཁོང་ཚོའི་གཟུགས་པོ་ལ་འགུལ་སྐྱོད་ཅིག་ཐེབས་ན་བསམ་གྱི་ཡོད་པ་ལས། ཁོ་ཚོར་སྡུག་དཀའ་ལས་མྱོང་དུ་འཇུག་གི་མེད་པ་རེད། ཅེས་དང་། སློབ་མའི་ལུས་ཁམས་ལ་དཔག་པའི་ཟས་བཅུད་བརྟེན་དགོས་ཀྱི་ཡོད་པར་བརྟེན། ཕྱི་མི་སུ་ཞིག་ཡིན་ཡང་སྙིང་རྗེ་ཡིས་ཀུན་ནས་བསླངས་ཏེ་སློབ་ཕྲུག་ཚོར་བརྔན་པ་སྤྲོད་ཀྱི་ཡོད་པ་དེ་ལས་ཁུངས་བརྒྱུད་ནས་སྤྲོད་རྒྱུ་གལ་ཆེན་ཡིན་སྐོར་དང་། དེ་བཞིན་སློབ་མའི་ཁྱིམ་བདག་རེ་འགས་ལས་བྱེད་ལ་སོ་སོའི་ཕྲུ་གུར་ཟུར་དུ་བདག་སྐྱོང་གང་ལེགས་དགོས་པའི་རེ་བ་འདོན་གྱི་ཡོད་ཀྱང་སློབ་མ་ཚང་མར་གཅིག་མཚུངས་ཀྱི་བདག་སྐྱོང་ཐོབ་པ་མ་གཏོགས་དམིགས་བསལ་མེད་སྐོར་སོགས་བརྗོད་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཝི་ཤལ་ལགས་དང་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་གཉིས་ཀྱིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་སྐབས་ཟླ་བ་རིན་ཆེན་ལགས་ཀྱིས། རང་ཉིད་ལྟ་བུར་མཚོན་ན་སྙིང་སྟོབས་གླིང་གི་ས་ཆ་ཉོས་པ་ལ་སོགས་པའི་ལས་གཞི་ཐོག་མར་མགོ་འཛུགས་དུས་ནས་དེ་དང་འབྲེལ་བ་ཡོད་པའི་མི་ཞིག་ཆགས་བསྡད་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་གཙོ་བོ་དེ་བྱམས་སྙིང་རྗེ་ཡིན་སྟབས། ང་ཚོས་དུས་རྒྱུན་དུ་སྤྱི་ཚོགས་ནང་གི་དབུལ་ཞིང་ཕོངས་བ་དང་། མཐའ་ལ་ལྷུང་པ་རྣམས་ལ་སྐྱོབ་རོགས་དཔུང་རོགས་བྱེད་རྒྱུ་དེ་གཙོ་བོ་ཡིན་པ་དང་། སྤྱི་ཚོགས་ཁྲོད་དུའང་འདི་ལྟ་བུའི་བསམ་བློ་སྤེལ་ཐབས་དང་། སོ་སོའི་ངོས་ནས་ཆུང་ཆུང་ཞིག་ལས་མིན་ཡང་ལག་ལེན་དུ་བསྟར་ཐུབ་ན་དགེ་བའི་ལས་ལ་འགྲོ་ཡི་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༥/༡༦

Leave a Reply

One thought on “སྙིང་སྟོབས་གླིང་གསར་འཛུགས་བྱས་ནས་ལོ་ངོ་ ༢༡ འཁོར། 

  1. གཞུང་པ་ཚེ་དབང་བསོད་ནམའ་

    ལྷག་བསམ་དཀར་པོ་གཞན་ཕན་བྱ་བ་སྙིང་སྟོབས་གླིང་གི་མཛད་རྗེས་ལ།
    ལྷག་བསམ་རྨ་མེད་དཱངས་བ་ཆེན་པོའི་རྗེས་སུ་ཡིད་རངས་དགའ་བསུ་ཞུ།
    ལྷག་པའི་བསམ་པས་འབད་བརྩོན་དཀའ་སྡུག་མི་ལོ་ཉེར་གཅིག་ངང་གི་བསྐྱངས།
    ལྷག་བསམ་གོ་ཆ་རི་བོ་བཞིན་དུ་རྟག་ཏུ་བརྟན་པའི་སྨོན་འདུན་ཞུ།