སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་གནང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཕགས་པ་སྤྱན་རས་གཟིགས་ནི་ངོས་ཀྱི་དཔོན་པོ་དང་ངོས་རང་སྤྱན་རས་གཟིགས་ཀྱིས་ག་བཏང་གོ་ཆོད་ཀྱི་མགྲོན་གཉེར་ཞིག་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༨ སྟེང་། བཞུགས་སྒར་དྷ་ས་ཐེགས་ཆེན་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྫོང་དཀར་ཆོས་སྡེ་ནས་གསོལ་འདེབས་ཞུས་དོན་ལྟར། བོད་རིགས་ན་གཞོན་གཙོ་བོར་གྱུར་བའི་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཆོས་ཞུ་བ་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བར་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་སྩལ་གནང་སོང་།

བཀའ་དབང་གི་ཐོག་མར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོས་རང་རྒྱ་གར་ལ་ཕེབས་པའི་རྗེས་སུ་གཟིམས་ལམ་དུ་སྤྱན་རས་གཟིགས་དང་མཇལ་སྐོར་དྲན་གསོ་དང་འབྲེལ། ད་ལྟའི་ཆར་ཁོང་ཉིད་རྗེས་དགེ་འདུན་གྲུབ་པའི་སྐུའི་ཚེ་ཚད་དང་མཉམ་པ་དགུང་གྲངས་ ༨༤ ཟིན་ཡོད་ཀྱང། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པས་ཐུགས་སྨོན་གནང་བ་བཞིན་ཧུར་ཐག་མཛད་ཡོད་པ་དང་། གྲུབ་འབྲས་ཀྱང་གང་ལ་གང་འཚམ་ཐོན་ཡོད་པ་མ་ཟད། འཕགས་པ་སྤྱན་རས་གཟིགས་ནི་ངོས་ཀྱི་དཔོན་པོ་དང་ངོས་རང་སྤྱན་རས་གཟིགས་ཀྱིས་ག་བཏང་གོ་ཆོད་ཀྱི་མགྲོན་གཉེར་ཞིག་ཡིན་སྐོར་དང་། གཞན་རྫོང་དཀར་ཆོས་སྡེའི་ངོས་ནས་མི་རབས་ཁ་ཤས་ཀྱི་རིང་ཇོ་བོ་ཝ་ཏི་བཟང་པོར་ཞབས་ཞུ་དང་བདག་གཅེས་གནང་ཡོད་པ་དང་། ཕྱིས་སུ་དུས་ལོག་བྱུང་སྐབས་བལ་ཡུལ་ནས་དྷ་སར་གདན་ཞུ་གནང་ཡོད་པ་ལྟར། འདས་པའི་ལོ་ངོ་ ༦༠ ནང་ཇོ་བོ་ཝ་ཏི་བཟང་པོའི་དཀོན་གཉེར་དེ་ཁོང་ཉིད་ནས་མཛད་པ་དང་། དེ་སྔ་དཀོན་གཉེར་ཚོས་ཇོ་བོ་ཝ་ཏི་བཟང་པོའི་ཞལ་རས་ལ་འགྱུར་བ་འགྲོ་ཡི་ཡོད་ལུགས་བཤད་སྲོལ་ཡོད་པ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཉིན་ལྟར་ཐུགས་སྨོན་མཛད་སྐབས་ཞལ་རས་ལ་འགྱུར་བ་འགྲོ་ཡི་ཡོད་པའི་གཟིགས་ཚུལ་བྱུང་སྐོར་གསུངས་སོང་།

འཕགས་པ་སྤྱན་རས་གཟིགས་ལ་རྩེ་གཅིག་ཏུ་གུས་པའི་བཏུད་ནས་མ་ཎི་གསག་དགོས་པའི་སྐོར་ལ་ཁོང་ཉིད་ཀྱིས། འཆར་ཅན་ས་ག་ཟླ་བའི་སྐབས་སུ་མ་ནི་དུང་སྒྲུབ་གསོག་སྲོལ་ཡོད་པ་ལྟར། མ་ཎི་རིལ་བུ་དེ་དག་ཕྱོགས་མཚམས་མང་པོ་ཞིག་ལ་འགྲོ་ཡི་ཡོད་སྟབས། གསོན་པོ་ཚོར་བྱིན་རླབས་དང་། འཆི་ལ་ཉེ་བ་ཚོར་བྱིན་རྟེན་གྱི་འདུ་ཤེས་ཐོག་ནས་ཟ་ཡི་ཡོད་པར་བརྟེན་མ་ཎ་རིལ་བུ་དེ་ཧ་ཅང་གལ་ཆེན་པོ་ཞིག་མཐོང་གི་འདུག དེ་རིང་འདིར་རྫོང་དཀར་ཆོས་སྡེ་ནས་གསོལ་འདེབས་ལྟར་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་དབང་གནང་རྒྱུ་ཡིན་པ་དང་། བསམ་བློ་གཏོང་སྟངས་གཙོ་བོ་དེ་མོས་པ་རེད། གལ་ཆེ་ཤོས་ནི་མ་ཎི་གསོག་སྒྲུབ་བྱེད་རྒྱུ་དང་། འཕགས་པ་སྤྱན་རས་གཟིགས་ལ་རྩེ་གཅིག་ཏུ་གུས་པའི་བཏུད་ནས་མ་ཎི་གསག་དགོས་ཀྱི་ཡོད། འཕགས་པ་སྤྱན་རས་གཟིགས་དེ་བཞིན་རྙིང་རྗེའི་ལྷ་མཆོག་ལ་བརྩི་བཞིན་ཡོད། རྙིང་རྗེ་ཟེར་བ་ནི་དབུ་མ་འཇུག་པའི་མཆོད་བརྗོད་ལས་གསུང་པ་ལྟར། འཕགས་པ་སྤྱན་རས་གཟིགས་ནི།། སངས་རྒྱས་ཀུན་གྱིས་རབ་ཏུ་སྔགས།། ཡོན་ཏན་དམ་པ་ཀུན་ནས་བསགས།། སྤྱན་རས་གཟིགས་ཞེས་མཚན་གསོལ་པའི།། རྟག་པར་བརྩེ་ལ་ཕྱག་འཚལ་ལོ།། ཕྱོགས་མཚུངས་མགོན་པོ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ཀྱི་མཇུག་ཏུ་སྟོན་པའི་བཀའ་དྲིན་དྲན་པའི་སྒོ་ནས་བསྟོད་ཕྱག་མཛད་སྐབས། གང་གིས་ཐུགས་བརྩེས་ཉེར་བཟུང་ནས།། ལྟ་བ་ཐམས་ཅད་སྤངས་པའི་ཕྱིར།། དམ་པའི་ཆོས་ནི་སྟོན་མཛད་པ།། གཽ་ཏམ་དེ་ལ་ཕྱག་འཚལ་ལོ།། གང་ལྟར་སྤང་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དེ་དག་རྩ་བ་རྙིང་རྗེ་ལས་བྱུང་བ་རེད། ཅེས་གསུངས་སོང་།

སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་མདོ་ལམ་རྐྱང་རྐྱང་ནས་འགྲོ་སྟངས་ཤིག་ཡོད་པ་དང་། དེ་རྣམས་བསྟན་པ་སྤྱི་བཙན་ཡིན། ཆོས་ཀྱི་འཁོར་ལོ་དང་པོ་དང་འཁོར་ལོ་བར་པ། འཁོར་ལོ་མཐའ་མ་རྣམས་བསྟན་པ་སྤྱི་བཙན་གྱི་ཐོག་ནས་གསུང་ཡོད། དེ་ནས་འདུལ་བྱ་ལས་དག་པ་ཚོར་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་བདག་པོའི་རྣམ་པ་ལ་ཤར་ནས་ལྷ་ཡི་རྣམ་པའི་ཐོག་ནས་ཆོས་འཁོར་བསྐོར་བ་བྱུང་འདུག འདི་གང་ཟག་སྒོས་བཙན་བརྗོད་ན་འོས་པོ་ཧ་ཅང་འདུག   ཐ་སྙད་འདི་བཞིན་ངོས་ཀྱི་གསར་པ་བཟོས་པ་ཞིག་མིན། གཉན་མགོན་གསུང་རབ་པས་ཐ་སྙད་དེའི་སྐོར་གསུང་ཡོད། ངོས་ཀྱིས་ཐ་སྙད་དེ་ཚུར་སྦྱར་ནས་མདོ་ལམ་དེ་བསྟན་པ་སྤྱི་བཙན་དང་། སྔགས་ལམ་ནི་གང་ཟག་སྒོས་བཙན་ལ་བཞག་ཡིན། རྒྱུད་སྡེ་སོ་སོའི་གསུང་སའི་འདུལ་བྱ་རེ་རེའི་ཁམས་དང་མོས་པ་དེ་ཚོ་དང་བསྟུན་ནས་གསུང་པ་རེད། ཅེས་གསུངས་སོང་།

དེའི་རྗེས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་དངོས་གཞི་དབུ་འཛུགས་མ་མཛད་གོང་དུ་ཆོས་ཞུ་བ་ཚོར་དགེ་བསྙེ་དང་བྱང་ཆུབ་སེམས་བསྐྱེད། དེ་བཞིན་བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག་བསྩལ་བ་དང་འབྲེལ། རང་དོན་དང་གཞན་དོན། འཕྲལ་གྱི་ཚོགས་བསགས་སྒྲིབ་བྱང་། དེ་བཞིན་བར་ཆད་སེལ་བར་ཐབས་དང་ཚེ་རབས་མང་པོའི་རིང་ནས་བསགས་པའི་ལྡིག་སྒྲིག་དེ་དག་བཤག་ཕྱིར་བྱང་ཆུབ་ཀྱི་སེམས་ལས་ལྷག་པ་མེད་སྐོར་དང་། མཇུག་ཏུ་ཁྱེད་རང་ཚོས་དབང་ཞུས་ནས་ཉིན་རེ་བཞིན་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས་སྒོམ་གྱི་ཡིན་ཞེས་ཁས་ལེན་དམ་བཅའ་བྱས་ཡོད་སྟབས། ངོས་ནས་ཉིན་ལྟར་དེ་དག་ཐོག་བསམ་བློ་གཏོང་བཞིན་ཡོད་པ་དང་། ཁྱེད་ཚོ་ནི་ངོས་ཀྱི་སློབ་མ་ཡིན་པས་བླ་མས་གང་གནང་བ་ལྟར་སློབ་མས་དེ་ལྟར་གནང་དགོས་སྐོར་སོགས་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༦/༠༦

Leave a Reply

One thought on “སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་གནང་།

  1. གནད་འགག་ལ་ཐུག་དུས་བོད་ཀྱི་དུས་བབ་གྲགས་མེད་འགུལ་མེད་རེད་འདུག འདི་བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་དང་རྩོམ་སྒྲིག་པ་སོགས་ལ་ཆུ་ཚད་མེད་པ་དང་། ལྷག་པར་དུ་ཆབ་སྲིད་མགོ་འཚོས་ཀྱི་མེད་པའི་མངོན་རྟགས་རེད། ནམ་རྒྱུན་རྡ་རམ་ས་ལའི་ཆོ་མེད་པའི་མཛད་སྒོ་རིགས་ཀྱི་གསར་འགྱུར་དུས་ཚོད་འགྲན་རྩོད་བྱས་ཏེ་སྤེལ་གྱི་འདུག དེ་རིང་ལོ་རྒྱུས་རང་བཞིན་ལྡན་པའི་དོན་ཟུར་དང་བཀའ་ཤག་གི་ཁྲིམས་བཤེར་སྐོར་ཆུ་ཚོད་ 6 ལྷག་འགོར་ཡང་མཐོང་རྒྱུ་མི་འདུག བོད་ཀྱི་དུས་བབ་ལ་ཞབས་འདྲེན་མ་འཇོག་རོགས།