ལོ་རྒྱུས་ཀྱི་བདག་པོ་ཡིན་པའི་ཆ་ནས་རང་བཙན་རྩོད་ཀྱི་ཡོད།

འདི་ལོའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་དེ་བོད་དོན་ཆེད་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་སུ་ཕུལ་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་། དྷ་རམ་ས་ལ་དྷ་ཤོད་རྒྱ་གར་ཡུལ་མིའི་བདེ་དོན་ཚོགས་ཁང་(MCD)དུ་ཕྱི་ལོ་ ༢༠༡༩ ལོའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༧ པ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤྲི་ཨ་ཇེ་སིང་ (Shri Ajay Singh) མཆོག་དང༌བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་བློ་བཟང་སྦྱིན་པ་ལགས་དང་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་རྣམས། དྷ་ས་ས་གནས་མགོ་འཛིན་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། དྷ་ས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་དྷ་ས་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་ཁག་ ༤༥ ནས་སྐུ་ཚབ་ཚོགས་བཅར་བ་ ༡༥༠ བཅས་ཁྱོན་མི་གྲངས་ ༢༠༠ མ་ཟིན་ཙམ་ཞིག་འཛོམས་འདུག

མཛད་སྒོའི་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་སྐབས། བོད་མི་ཚོས་འདི་ལོའི་གསུམ་བཅུའི་དུས་དྲན་སྐབས་ལས་འགུལ་ཧ་ཅང་ཚགས་ཚུད་པོ་སྤེལ་གནང་ཡོད་པ་དང་། བོད་མི་ཚོས་དེ་ཙམ་ཞིག་གིས་འདོད་པ་ཁེངས་རྒྱུ་མེད་པར་མུ་མཐུད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་ལས་འགུལ་སྤེལ་དགོས་པ་དང་། རྒྱ་ནག་ལ་མཚོན་ན་ད་ལྟའི་ཆར་སྟོབས་ཆེན་རེད་ཟེར་མཁན་ཡོད་ན་ཡང་། རྒྱ་ནག་ནང་ཕྱི་དངོས་པོ་ཡར་རྒྱས་སོང་ཡོད་པ་ཙམ་ལས་ནང་དུ་མི་མང་ལ་མང་གཙོའི་རང་དབང་དང་། ཆོས་དད་རང་དབང་། གསར་འགོད་རང་དབང་སོགས་མེད་པས་ཉིན་གཅིག་རྒྱ་ནག་མི་མང་ཡིན་ནའང་། རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་བརྗོད་སོང་།

ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་དང་ལོ་རྒྱུས་ཀྱི་འགན་འཁྲི་ཡོད་པའི་སྐོར་ལ་ཁོང་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་དེ་རང་བཙན་རེད། དེ་ང་ཚོ་བོད་པ་ཡིན་པའི་ཆ་ནས། ཐོབ་ཐང་ཡིན་པའི་ཆ་ནས། ང་རང་ཚོའི་ལས་འགན་ཡིན་པའི་ཆ་ནས། ལོ་རྒྱུས་ཀྱི་བདག་པོ་ཡིན་པའི་ཆ་ནས། ང་ཚོས་རང་བཙན་རྩོད་ཀྱི་ཡོད། ཡིན་ནའང་ལངས་ཕྱོགས་གཞན་པ་ལ་དགག་པ་གང་ཡང་མེད་ལ། དམིགས་བསལ་དབུ་མའི་ལམ་གྱི་སྲིད་བྱུས་ལྟ་བུ་ལ་གུས་གཙི་བྱེད་ཀྱི་ཡོད། བོད་ཀྱི་དཀའ་ངལ་སེལ་དགོས་པ་དང་དཀའ་ངལ་སེལ་ཐབས་སུ་ཐབས་བྱུས་འདྲ་མིན་ཡོད་ཆོག་པ་དང་། ཡོད་དགོས་ངེས་ཤིག་ཀྱང་ཡིན་པས་མ་འོངས་པར་ལངས་ཕྱོགས་ག་རེ་ཡིན་མིན་ལ་མ་ལྟོས་པར་བོད་མི་ཚོས་ཆིག་སྒྲིལ་དགོས་པ་གལ་ཆེན་ཡིན་སྐོར་བརྗོད་སོང་།

ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་མཆོག་གིས་བོད་མི་ཚོས་རང་གི་རིག་གཞུང་དང་ཆོས་ལུགས། ཡུལ་སྲོལ་གོམས་གཤིས་སོགས་ལ་བདག་སྐྱོང་བྱས་ཏེ། བོད་དོན་འཐབ་རྩོད་མུ་མཐུད་གནང་དགོས་པ་དང་། རྒྱ་ནག་དེ་སྟོབས་ཆེན་ག་ཚོད་ཡིན་ན་ཡང་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་མཐོང་གང་ཡང་མེད་པས། བོད་མི་ཚོ་ས་ཆ་གང་དུ་ཡོད་ཀྱང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་དཀའ་དྲིན་འོག་བོད་དོན་འཐབ་རྩོད་ལ་ལུས་ངག་གཉིས་ནས་འབད་བརྩོན་དགོས་སྐོར་དང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་དམིགས་བསལ་གྱི་ཚོགས་པ་ཞིག་ཡིན་པ་དང་། བོད་དོན་འཐབ་རྩོད་མུ་མཐུད་བྱས་ནས་བོད་རང་བཙན་ཐོབ་སྟེ་ཁྱེད་ཚོ་བོད་དུ་ལོག་ཐུབ་པའི་རེ་བ་ཡོད་སྐོར་གསུངས་སོང་།
དེའི་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་ལོ་རེ་བཞིན་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་དང་ས་གནས་རྒྱུན་ལས་སྔ་རྗེས་བསྡོམས་ཞབས་ལོ་ ༡༥ ལྷག་གནང་བའི་གཟེངས་རྟགས། སློབ་གྲྭ་ཁག་གི་ནང་རྩོམ་ཡིག་འགྲན་སྡུར་བྱ་དགའ་དང་ལས་འགུལ་ཁག་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་མཁན་བཅས་ལ་ལེགས་གསོལ་བྱ་དགའ་གནང་སོང་བ་དང་། འདི་ལོའི་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་དེ་ཕྱི་ལོ་༢༠༡༧ ཟླ་ ༧ ཚེས་ ༡༤ ཉིན་ཝ་ཎ་མཐོ་སློབ་ཁང་དུ་བོད་དོན་ཆེད་རང་ལུས་མེར་སྲེག་གནང་མཁན་བསྟན་འཛིན་ཆོས་དབྱིངས་སུ་ཕུལ་སོང་བ་དང་། ཐེངས་འདིར་ཁོང་གི་ཕ་མ་གཉིས་ནས་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་བཞེས་གནང་སོང་།

མཇུག་ཏུ་ཚོགས་གཞོན་རྟ་མགྲིན་སྲི་ཐར་ལགས་ཀྱིས་མཇུག་བསྡུའི་གཏམ་བཤད་སྐབས། འདི་ལོའི་གཞོན་ལྷན་གྱི་ཚོགས་འདུ་དེ་ལོ་རྒྱུས་རང་བཞིན་གྱི་ངང་ནས་ཧ་ཅང་གལ་ཆེན་པོ་དང་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་དང་། རྒྱུ་མཚན་དེ་ཐེངས་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལ་འཕོ་འགྱུར་དང་། ས་གནས་གཞོན་ནུའི་རྒྱུན་ལས་གསར་བ་མང་པོ་ཞིག་འཛོམས་ཡོད་པ་དང་། གཞོན་སྐྱེས་མང་པོ་ཞིག་འདིར་འཛོམས་ཡོད་སྟབས་ཚོགས་ཆེན་གྱི་ཉིན་ ༦ རིང་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་བྱ་ཕྱོགས་སྐོར་ལ་ཚོགས་འདུའི་སྟེང་གྲོས་སྡུར་བྱས་ཏེ། མ་འོངས་བོད་ཀྱི་འཐབ་རྩོད་ཐད་བསམ་བློ་གསར་བ་དང་འཆར་གཞི་གསར་བ་སྐྱེས་ཐུབ་པ་ཞིག་ལ་ཐུག་ཡོད་སྟབས། ཚོགས་ཆེན་འདི་གནད་འགག་ཆེན་པོ་ཆགས་ཡོད་སྐོར་བརྗོད་སོང་།
ཐེངས་འདིའི་གཞོན་ལྷན་ཚོགས་ཆེན་སྟེང་ཉིན་ ༦ རིང་བརྗོད་གཞི་གཙོ་བོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ལས་དོན་སྤེལ་ཕྱོགས་་དང་། བོད་རང་བཙན་སླར་གསོའི་ལས་འགུལ་ཁག་སྔར་ལྷག་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས། བོད་རྒྱལ་ཁབ་ཀྱི་དོན་དུ་རང་ལུས་མེར་བསྲེག་གནང་མཁན་རྣམ་པས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་དང་ཞལ་ཆེམས་བསྒྲུབ་ཐབས། དགྲ་བོ་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་ཆེད་གཞོན་ལྷན་ནས་ལས་འགུལ་སྤེལ་ཕྱོགས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་སྐོར། ཆོས་དང་རིག་གཞུང་སྲུང་སྐྱོབ་དར་སྤེལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལམ་སྟོན་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དགོངས་དོན་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་གནང་ཕྱོགས། གཞོན་ལྷན་དབུས་ས་གཉིས་ནས་རྩིས་ཁྲ་ཞིབ་བཤེར་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྐོར་སོགས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༦/༡༡

Leave a Reply

3 thoughts on “ལོ་རྒྱུས་ཀྱི་བདག་པོ་ཡིན་པའི་ཆ་ནས་རང་བཙན་རྩོད་ཀྱི་ཡོད།

  1. ད་བར་སྤྱི་ནོར་༧གོང་ས་མཆོག་གིས་དབུ་མའི་ལམ་ཐོག་བཀའ་སློབ་གསལ་ཞིང་གསལ་བ་ཐེངས་མང་གནང་ཡོད་ཀྱང་ང་ཚོས་ད་དུང་ཡང་གོ་མ་ཚོད་པ་ཡིན་ནའམ། གོ་ཚོད་ཐུབ་ཀྱི་མེད་པ་ཡིན་ནའམ། གོ་ཚོད་ཀྱི་ཡོད་ཀྱང་ཕན་ནུས་གཟིགས་ཐུབ་ཀྱི་མེད་པ་ཡིན་ནམ། ༧གོང་ས་མཆོག་ནས་ཐེངས་མང་དབུ་མའི་ལམ་འདེམས་དགོས་པའི་རྒྱུ་ཚན་དང་དུས་ཚོད་དང་གནད་འགག་ཇི་འདྲ་ཞིག་ལ་སླེབས་ཡོད་མེད་སྐོར་བཀའ་སློབ་གནང་ཡོད་ཀྱང་། ད་དུང་རང་བཙན་གཙང་མར་མུ་འཐུད་རེ་བ་རྒྱབ་ནས་བཞུགས་དགོས་དོན་ཅི། ང་ཚོའི་བོད་ཡུལ་ནང་རྒྱ་ནག་ག་ཚོད་ཞིག་གནས་སྤོས་བྱས་ཀྱི་ཡོད་པ་རྒྱལ་སྤྱིའི་གནས་ཚུལ་ནང་གཟིགས་མེད་པ་ཡིན་ནམ། སོ་སོའི་ལུང་པར་རྒྱ་མིས་ཁེངས་འཇུག་རྒྱུ་ཡིན་ནམ། སོ་སོའི་ལུང་པའི་ནང་གྲངས་ཉུང་མི་རིགས་ཆགས་ནས་བསྡོད་རྒྱུ་ཡིན་ནམ། ངེས་པར་དུ་བསམ་བློ་ནན་པོ་ཞིག་གཏང་དགོས་ས་རེ་གོ།

  2. གཞུང་པ་ཚེ་དབང་བསོད་ནམས་

    རང་བཙན་མི་འདོད་བོད་མི་གཅིག་ཀྱང་མེད།
    རང་བཙན་ལེན་པའི་ནུས་པ་ཆིག་བསྒྲིལ་རག།
    དབུ་ལམ་རྒྱུད་ནས་བོད་ཀྱི་དཀའ་སྙོགས་དེ།
    སེལ་བའི་ནུས་པ་བོད་མིའི་སྒྲིག་འཛུགས་ཙམ།

  3. ༄།བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཆབ་་སྲིད་ལངས་ཕྱོགས་གཞན་ལ་དགག་པ་མེད་པའི་ཐོག་བོད་རང་བཙན་འཐབ་རྩོད་གནང་བ་ད་ལྟའི་ཚོགས་མི་ཡོངས་ལ་རྗེས་སུ་ཡིད་རང་དང་འདས་ཟིན་པའི་ཚོགས་མིའི་ལྷག་བསམ་ལ་རྗེས་དྲན་ཞུ།ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱ་ནག་གཞུང་གི་་་་བཙོན་ཁང་དུ་ཡོད་པ་་་་བཟང་བཙོན་ནང་ཡོད་པ་་་་དོ་དམ་འོག་ཡོད་པ་་་་བཅས་ཚིག་གང་ཞིག་བརྗོད་དགོས་པ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་གཅིག་གྱུར་དགོས་པ་གལ་ཆེ་བས་ཚང་མས་ཐུགས་ལ་མངའ་བ་མཁྱེེན།