གནའ་རྫས་རྙེད་དེ་རྒྱ་ནག་གཞུང་ལ་སྤྲད།

རྒྱ་ནག་གཞུང་གི་རིག་དངོས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཟེར་བའི་ནང་གསལ་ལྟར་བོད་མི་གསུམ་གྱིས་གནའ་རྫས་རིགས་ ༢༧ རྙེད་དེ་གཞུང་ལ་སྤྲད་ཡོད་འདུག
དེ་རིང་རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་བརྙན་འཕྲིན་ཁང་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན། དར་མདོ་སྐྱ་གད་ཡུལ་ཤོག་མཐུལ་དབུས་གྲོང་ཚོའི་ཉག་ཆུའི་ཉེ་འགྲམ་ཞིག་ནས་བོད་མི་ཚེ་དབང་དོན་འགྲུབ་དང་བསོད་ནམས་ཚེ་རིང་། བསམ་གཏན་བཅས་གྱིས། ཁང་པ་གསར་རྒྱག་དང་ཞིང་ལས་འདེབས་འཛུགས་སོགས་ཀྱི་སྐབས་སུ་ལོ་ངོ་ ༢༠༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ལི་ཆས་ཀྱི་གནའ་རྫས་རིགས་ ༢༧ རྙེད་སོན་བྱུང་ཡོད་པ་དང་། བོད་མི་དེ་དག་གིས་རང་འགུལ་ངང་གནའ་རྫས་རྣམས་རྒྱ་ནག་གཞུང་འབྲེལ་དཀར་མཛེས་རིག་གནས་སྲུང་སྐྱོབ་ཁང་ཟེར་བར་སྤྲད་ཡོད་པ་མ་ཟད། རིག་དངོས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དྲིལ་བསྒྲགས་བྱས་པའི་ཕན་འབྲས་འོག་གནའ་རྫས་རྙེད་མཁན་བོད་མི་ཞིག་གིས། གནའ་རྫས་རིག་དངོས་བཙོང་བ་ནི་རང་གི་མེས་པོ་བཙོང་བ་དང་ཁྱད་མེད་ལུགས་བརྗོད་ཡོད་སྐོར་བསྒྲགས་འདུག

ཐེངས་འདིར་རྙེད་སོན་བྱུང་བའི་གནའ་རྫས་ཁྲོད་ལི་ཆས་ཀྱི་རྫ་མ་རྣ་གཉིས་མ་ ༡ དང་། རྣ་གཅིག་མ་ ༢། ལི་ཕོར་ཆུང་བ་རིགས་ ༢༠ དང་ཟངས་རྒྱན་༣ ། ཟངས་ཀྱི་མེ་ལོང་ ༡ དང་ལིའི་རལ་གྲི ༡ བཅས་ཡོད་པ་དང་། དཀར་མཛེས་རིག་གནས་སྲུང་སྐྱོབ་ཁང་ཟེར་བས་གནའ་རྫས་དེ་དག་ལ་བརྟག་དཔྱད་བྱས་པ་ལྟར་ན། གནའ་རྫས་དེ་དག་ནི་རྒྱ་ནག་གི་ཆིན་ཧན་དུས་རབས་དང་མཉམ་པའི་རིག་དངོས་ཡིན་པ་དང་། རོབ་རྩིས་བྱས་ན་རིག་དངོས་དེ་དག་ལ་ལོ་ ༢༠༠༠ ལྷག་གི་ལོ་རྒྱུས་ཡོད་སྐོར་བརྗོད་འདུག

ཡང་གནའ་རྫས་བརྟག་དཔྱད་མཁན་ཚོས་གནའ་རྫས་དེ་དག་རྙེད་སོན་བྱུང་ཡུལ་ཕན་ཚུན་ཧ་ཅང་ཁ་ཐག་ཉེ་བ་དང་། རིག་དངོས་དེ་དག་གིས་མི་ཉག་ས་ཁུལ་དང་ལྷག་པར་དུ་ཉག་ཆུའི་འབབ་རྒྱུད་ཀྱི་གནའ་བོའི་སྤྱི་ཚོགས་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ཐད་ཞིབ་འཇུག་བྱེད་ཐབས་ལ་རྒྱུ་ཆ་གལ་ཆེན་ཞིག་ཆགས་ཡོད་སྐོར་དང་། ཐེངས་འདིར་བོད་མི་དེ་དག་གིས་རང་འགུལ་ངང་རིག་དངོས་གཞུང་ལ་ཕུལ་བ་ནི་རིག་དངོས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དྲིལ་བསྒྲགས་བྱས་པའི་ཕན་ཡོན་ཡིན་སྐོར་སོགས་བརྗོད་འདུག

རྒྱ་ནག་གཞུང་གི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པར་ཁྱོན་དོན་ཚན་ ༧༩ ཡོད་པ་དང་། དོན་ཚན་ ༧༤ པའི་ནང་དུ་གལ་སྲིད་རིག་དངོས་རྙེད་སོན་བྱུང་སྟེ་སྦེད་སྐོང་བྱས་པའམ་གཞུང་ལ་སྤྲོད་པར་མོས་མཐུན་མ་བྱས་པ་ཡིན་ན། རྫོང་རིམ་པ་ཡན་གྱི་རིག་དངོས་དོ་དམ་ཁང་གིས་ས་གནས་ཉེན་རྟོག་ཁང་ལ་གནས་ཚུལ་ཐག་གཅོད་བྱེད་དུ་འཇུག་རྒྱུ་ཡིན་པ་མ་ཟད། རིག་དངོས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་འགལ་ཡོད་ཚེ་རྒྱ་སྒོར་ ༥༠༠༠ ནས་ ༥༠༠༠༠ བར་གྱི་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་བརྗོད་འདུག་ལ། དེ་བཞིན་དོན་ཚན་ ༧༡ པ་སོགས་ཀྱི་ནང་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་རིག་དངོས་རྣམས་ཕྱི་ལ་ཚོང་བསྒྱུར་བྱེད་མི་ཆོག་པ་མ་ཟད། རྒྱལ་ཁབ་ལ་བདག་པའི་རིག་དངོས་ལ་ཆག་སྐྱོན་སོགས་བཏང་བ་ཡིན་ན་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ་ཡིན་ལུགས་བཀོད་འདུག

རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་ནས་བོད་ཁུལ་གྱི་ས་ཆ་མང་པོའི་ནང་གནའ་ཤུལ་གསར་རྙེད་དང་གནའ་རྫས་རྙེད་ཡོད་སྐོར་མང་པོ་ཞིག་བསྒྲགས་བཞིན་པ་ལྟར། མང་པོ་ཞིག་གིས་གནད་དོན་དེ་ནི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གཡོ་བྱུས་ཆེན་པོ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་གཟུགས་མེད་རིག་གནས་ཤུལ་བཞག་ཟེར་བ་དང་གཟུགས་ཡོད་རིག་གནས་ཤུལ་བཞག་ཟེར་བ་སོགས་ཁྱབ་བསྒྲགས་སྣ་ཚོགས་བྱས་ཏེ། ཕྱོགས་གཅིག་ནས་བོད་ཀྱི་ཤུལ་བཞག་རིག་གནས་གྲགས་ཅན་དག་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་མིང་ཐོའི་ནང་བཀོད་ནས་རྒྱ་ནག་གི་རིག་གནས་ཡིན་པ་མཚོན་ཐབས་དང་། རིག་དངོས་མང་པོ་ཞིག་ལ་རྒྱ་ནག་གི་མིང་སྦྱོར་གང་ཐུབ་བྱས་ཏེ་འཛམ་གླིང་ལ་རིག་དངོས་དེ་དག་གི་བདག་དབང་རྒྱ་ནག་གིས་ཡིན་པར་སྒྲུབ་ཐབས་བྱེད་བཞིན་ཡོད་པ་དང་། ཡང་ཕྱོགས་གཞན་ཞིག་ནས་ལོ་རེ་བཞིན་བོད་ཀྱི་རིག་དངོས་མང་པོ་ཞིག་གསར་རྙེད་བྱུང་ཡོད་སྐོར་དང་རིག་དངོས་དེ་དག་ས་ཁུལ་གང་ཞིག་གི་དངོས་མང་བཤམ་སྟོན་ཁང་སོགས་སུ་བཞག་ཡོད་སྐོར་བརྗོད་དེ། ཡུལ་སྐོར་སྤྲོ་འཆམ་པ་འགུག་ཆེད་བོད་ཀྱི་རིག་དངོས་མང་པོ་ཞིག་དཔལ་འབྱོར་མཁོ་སྒྲུབ་ཀྱི་ཚོང་རྫས་ཆེད་བེད་སྤྱོད་དང་། རིག་དངོས་དེ་དག་ནི་རིན་ཐང་གཞལ་དུ་མེད་པ་ཡིན་སྐོར་བརྗོད་ནས་རིག་དངོས་དེ་དག་ལ་འདྲ་བཤུ་བྱས་ཏེ་ཚོང་ལས་གཉེར་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་ལོ་མང་སྔོན་ནས་བཟུང་བོད་ཡུལ་ས་ཆ་གང་སར་ས་དཔྱད་རིག་པ་བ་མང་པོ་ཆེད་གཏོང་བྱས་ཏེ་གཏེར་ཁ་དང་གནའ་རྫས་རིགས་སྔོག་འདོན་གྱི་ལས་གཞི་སྤེལ་ཡོད་པ་དང་། ལྷག་པར་དུ་ཧྲན་ཞི་ཞིང་ཆེན་བོད་སྐྱོར་གནའ་རྫས་རྟོག་ཞིབ་སྡེ་ཚན་ཞེས་པ་ཞིག་བོད་ཁུལ་དུ་ཆེད་མངགས་བྱས་ཏེ་གནའ་རྫས་རྟོག་ཞིབ་བྱེད་དུ་འཇུག་གི་ཡོད་པ་དང་། བོད་སྐྱོར་གྱི་མིང་བཏགས་པའི་གནའ་རྫས་རྟོག་ཞིབ་ཚན་པ་དེས་ཕྱི་ལོ་ ༢༠༡༧ ལོར་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ཏུ་གནའ་རྫས་རིགས་འདྲ་མིན་འཚོལ་སྡུད་བྱས་ཏེ་རྒྱ་ནག་ནང་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༧/༡༠

Leave a Reply

One thought on “གནའ་རྫས་རྙེད་དེ་རྒྱ་ནག་གཞུང་ལ་སྤྲད།

  1. ༄།ལོ་ཉིས་སྟོང་ལྷག་གི་མནའ་རྫས་རྒྱལ་གཞུང་ལ་སྤྲོད་པ་དེ་ལྷག་བསམ་རྣམ་དག་གི་སྤྲོད་པ་རེད་དང་འཇིག་བསྐུལ་ཚད་མེད་བྱས་པའི་སྐྱེན་གྱི་སྐྲག་ནས་སྤྲོད་དགོས་ཐུག་པ་རེད།རྒྱ་གཞུང་གི་བོད་སྐྱོར་མནའ་རྫས་རྟོགས་ཞིབ་སྡེ་ཚན་ཟེར་བ་འདི་བོད་སྐྱོར་བ་མ་ཡིན་པ་་་་བོད་གཏོར་མཁན་དང་་་མནའ་རྫས་རྟོགས་ཞིབ་མ་ཡིན་པ་་་་མནའ་རྫས་གཏོར་གཤིག་གཏོང་མཁན་ཞིག་ལས་གཞན་ཕན་ཐོག་ཡོད་པའི་སྡེ་ཚན་ཞིག་གང་ཡང་མིན་ནོ།