ལྡི་ལི་རུ་ཆིབས་བསྒྱུར་བསྐྱངས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་འཚོགས་རྒྱུ་ཡིན་པའི་རྒྱལ་ཡོངས་རང་བཞིན་གྱི་ཁ་ཆེའི་ཚོགས་ཆེན་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༧ ཙམ་གྱི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་དྷ་སའི་ཕོ་བྲང་ནས་གྷ་གྷུལ་གནམ་ཐང་བརྒྱུད། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཐོན་མཛད་ཡོད་པ་དང་། གྷ་གྷུལ་གནམ་ཐང་དུ་རྒྱ་གར་གྱི་གཞོན་སྐྱེས་ཁག་ཅིག་ལའང་མཇལ་འཕྲད་གནང་ཡོད་འདུག

ལ་དྭགས་གླེ་ཁ་ཆེ་བས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཙམ་གྱི་ཐོག ལྡི་ལི་གསར་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་ (India International Center) ནང་དུ། ལ་དྭགས་གླེ་ཁ་ཆེ་བའི་གོ་སྒྲིག་འོག་ཁ་ཆེའི་འཇིག་རྟེན་གྱི་སྣ་འཛོམས་རང་བཞིན་སྲུང་གཙི་ (Celebrating Diversity in the Muslim World) ཞེས་པའི་ཚོགས་ཆེན་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུགའདི་གའི་གསར་འགོད་པས་ཞལ་པར་བརྒྱུད་དགའ་ལྡན་ཕོ་བྲང་གི་གསར་འགོད་དྲུང་ཆེ་ཚེ་བརྟན་བསམ་གྲུབ་ལགས་སུ་ལྡི་ལིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཛད་འཆར་གཞན་ག་རེ་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། ད་སྔ་མཛད་འཆར་དམིགས་བསལ་གཞན་མེད་པ་དང་། མཛད་འཆར་ཆ་ཚང་ཕྱིར་བསྒྲགས་གནང་གི་མེད་སྐོར་གསུངས་བྱུང་།

སྐུ་སྒེར་དྲ་བའི་ནང་བཀོད་པའི་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚོགས་པ་ཁག་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་དང་། ཕྱི་ཟླ་ ༧ ཚེས་ ༥ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༦/༡༢

Leave a Reply