ཧོང་ཀོང་གི་ཁྲིམས་འཆར་གསར་པ་ཕྱིར་འགྱངས་བྱེད་དགོས་བྱུང་།

ཧོང་ཀོང་གི་ལས་འགུལ་བ་དང་ཉེན་རྟོག་པའི་དབར་ཟིང་འཁྲུག་བྱུང་སྟེ་ཉུང་མཐར་མི་གྲངས་ ༢༢ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུགདེ་རིང་ཧོང་ཀོང་དུ་རྟེན་གཞི་བྱས་པའི་ཧོང་ཀོང་རང་དབང་གསར་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་འཐུས་མི་ ༧༠ ལས་གྲུབ་པའི་ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཚོགས་སྟེང་རྙོག་གླེང་ཆེ་བའི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཐོག་བགྲོ་གླེང་ཐེངས་གཉིས་པ་དེ་འཚོག་གཏན་ཁེལ་ཡོད་པ་དང་བསྟུན། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ལས་འགུལ་བ་རྣམས་ཁ་སང་མཚན་གུང་ཙམ་ནས་བཟུང་ཁྲིམས་བཟོ་ལྷན་ཁང་གི་མདུན་ཐང་དུ་འཛོམས་ཏེ། དེ་རིང་ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་ ༨ ཙམ་ནས་ངོ་རྒོལ་བ་སྟོང་ཕྲག་མང་པོས་ཁྲིམས་བཟོ་ལྷན་ཁང་དང་གཞུང་གི་ལས་ཁུངས་གཙོ་གནད་ཁག་གི་གཞུང་ལམ་དང་རྐང་ལམ་ཡོད་ཚད་བཀག་པའི་རྐྱེན་གྱིས། ཧོང་ཀོང་གཞུང་ངོས་ནས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཐོག་བགྲོ་གླེང་ཕྱིར་འགྱངས་མ་བྱེད་ཀ་མེད་ཆགས་ཡོད་པ་དང་། ད་ལྟ་ས་གནས་དེའི་མཚན་མོའི་ཆུ་ཚོད་ ༡༠ ཐོག་ད་དུང་ལས་འགུལ་བ་དང་ཉེན་རྟོག་པའི་དབར་ཟིང་འཁྲུག་མུ་མཐུད་དུ་ཡོང་གི་ཡོད་པ་དང་། ད་ལྟའི་ཆར་ཉུང་མཐར་མི་གྲངས་ ༢༢ ལྷག་ལ་རྨས་སྐྱོན་བཟོས་ཏེ་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་པ་དང་། ཉེན་རྟོག་པས་མིག་ཆུ་དུག་རླངས་ཕོན་ཆེན་གཡུགས་པའི་རྐྱེན་གྱིས་ཉེ་འཁྲིས་ཀྱི་མེ་འཁོར་བབ་ཚུགས་སོགས་ཀྱི་ནང་དུ་ཡང་དུག་རླངས་ཁྱབ་སྟེ། འགྲུལ་བ་སོགས་ལ་མིག་དང་སྣ་ཁུང་ཚ་བ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་འདུག

ད་ལན་གྱི་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་གྱི་གོ་སྒྲིག་པ་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ (Civil Human Rights Front) ཚོགས་གཙོ་ཇི་མི་ཤེམ་(Jimmy Sham) གྱིས་ངོ་རྒོལ་ལས་འགུལ་སྟེང་། ང་ཚོས་ཞི་བའི་ཐོག་ནས་ཁྲིམས་བཟོ་ལྷན་ཁང་གི་གཡས་གཡོན་བསྐོར་ཏེ་དེ་རིང་གི་བགྲོ་གླེང་སྐོང་ཚོགས་བྱ་རྒྱུ་བཀག་ཐུབ་ཡོད། ཅེས་དང་། ལྕམ་ཁེ་རི་ལེམ་གྱིས་ཁྲིམས་འཆར་དེ་ཕྱིར་འཐེན་མ་བྱས་བར་དུ་འདུ་འཛོམས་འདི་འགྲོལ་ཐབས་མེད། ང་ཚོས་ཚོང་གཉེར་ཁང་དང་། ཚོགས་པ་ཆེ་གྲས་ཁག་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་འདིར་རྒྱབ་སྐྱོར་བྱེད་རོགས་ཟེར་རྒྱུ་ཡིན། དེ་ལྟར་བྱེད་ཚེ་ཧོང་ཀོང་བ་ཚང་མ་འདིར་མཉམ་ཞུགས་ཀྱིས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེར་ངོ་རྒོལ་ཡོད་པ་འཛམ་གླིང་ལ་བཤད་ཐུབ། ཅེས་བརྗོད་འདུག

དེ་རིང་ཞོགས་པ་ཧོང་ཀོང་གི་སྤྱི་ཁྱབ་འཛིན་སྐྱོང་དྲུང་ཆེ་མེ་ཐིའུ་ཁྲུང་(Matthew Cheung)་གིས་བརྙན་ལམ་བརྒྱུད་ལས་འགུལ་བ་རྣམས་ལ་འབོད་སྐུལ་ཞིག་ཞུས་པའི་ནང་། སྤྱིར་དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་ཁྲིམས་བཟོ་ལྷན་ཚོགས་ནང་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཐད་བགྲོ་གླེང་འཚོག་འཆར་བྱས་ཡོད་ཀྱང་། ཁྲིམས་བཟོ་ལྷན་ཁང་མཐའ་འཁོར་ཡོད་ཚད་མི་མང་གིས་བཀག་པའི་རྐྱེན་གྱིས། ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་གཙོས་བགྲོ་གླེང་ཕྱིར་འགྱངས་བྱས་ཏེ་རྗེས་སུ་འཚོག་རྒྱུ་རེད། ད་ལྟའི་ཆར་གཞུང་ལམ་མང་པོ་བཀག་ཡོད་པའི་རྐྱེན་གྱིས་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག ཅེས་དང་། ཧོང་ཀོང་གཞུང་ངོས་ནས་གཞུང་ལམ་ཐོག་འཛོམས་པའི་མི་མང་རྣམས་ཟུར་ལོགས་ལ་འདོན་རྒྱུའི་རེ་སྐུལ་ཞུ་ཡི་ཡོད། དེ་བཞིན་ངས་དེར་འཛོམས་པའི་མི་མང་རྣམས་ཀྱིས་ལྷོད་ལ་བབ་སྟེ་བག་ཡོད་གནང་རྒྱུ་དང་། ཞི་བའི་ཐོག་ནས་རང་གནས་སུ་བསྐྱོད་ཐབས་བྱེད་དགོས་པ་མ་ཟད། ཁྲིམས་རྡོག་རོལ་མི་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་དང་། ཧོང་ཀོང་གཞུང་ངོས་ནས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཉེན་ཚབས་ཆེ་བའི་ནག་ཉེས་ཅན་མ་གཏོགས་ཁྲིམས་ལ་བརྩི་སྲུང་བྱེད་མཁན་ལ་དམིགས་མེད་པ་ནན་བརྗོད་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

དེ་རིང་གི་ངོ་རྒོལ་ལས་འགུལ་ནང་དམངས་གཙོ་དོན་གཉེར་ཅན་གྱི་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་འགའ་ཤས་ཀྱང་མཉམ་ཞུགས་གནང་ཡོད་པ་དང་།  དེ་དག་ཁྲོད་ཀྱི་སྔོན་མ་ཉི་གདུགས་གསར་བརྗེ་སྐབས་ཀྱི་ལས་འགུལ་བ་གཙོ་བོའི་གྲས་ཁོ་ལོ་ཌི་ཡ་མཱོ་(Claudia Mo) ལགས་ཀྱིས། འདི་ནི་མི་མང་གི་སྟོབས་ཤུགས་ཡིན་ལ། ན་གཞོན་གྱི་སྟོབས་ཤུགས་ཡིན། གཞོན་སྐྱེས་ཚོར་རང་གི་ཚོར་བ་དང་ཁྲོ་བ། སུན་སྣང་། ཞེ་འཁོན་སྟོན་རྒྱུའི་ཐོབ་ཐང་ཆ་ཚང་ཡོད། གང་ཡིན་ཟེར་ན། འདི་ནི་ཁོང་ཚོའི་ཧོང་ཀོང་ཡིན་ལ། ཁོང་ཚོའི་མ་འོངས་པ་ཡིན། ཅེས་དང་། ང་ཚོས་ཉི་གདུགས་གསར་བརྗེའི་ཉིན་མཐའ་མར་ང་ཚོ་བསྐྱར་ལོག་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་ལྟར།  དེ་རིང་ང་ཚོ་ཡང་བསྐྱར་བསླེབས་ཡོད། ཅེས་བརྗོད་འདུགདེ་བཞིན་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་ཊི་ཌི་ཧུའེ་ (Ted Hui) ལགས་ཀྱིས། ཁོ་རང་ལས་འགུལ་བའི་མདུན་གྲལ་དུ་ལངས་ཏེ་ཉེན་རྟོག་པ་ལ་གདོང་གཏད་དགོས་དོན་སྐོར་ལ་གསར་འགོད་པར། ཉིན་འགའ་ཤས་གོང་ནས་ལས་འགུལ་བའི་ནང་ཁོང་ཁྲོ་བྱེད་མཁན་མང་དུ་འགྲོ་བཞིན་འདུག དེ་དུས་རྒྱག་རེས་ཀྱང་བྱུང་ཡོད་པ་རེད། དེར་བརྟེན་ང་འདིར་མདུན་གྲལ་ལ་ལངས་ཏེ་ཁོ་ཚོར་ལྷོད་དུ་བབ་རྒྱུའི་སྐུལ་མ་བྱེད་ཀྱི་ཡོད། གལ་ཏེ་ང་ཚོ་ཞི་བའི་ངང་ཡོད་དུས་ཉེན་རྟོག་པས་ད་དུང་མུ་མཐུད་དྲག་པོའི་ཐབས་ལམ་སྤྱད་ཚེ། ངས་ཁོ་ཚོར་དང་པོ་ང་ལ་གཞུ་རོགས། མི་མང་ཐོག་ལ་དྲག་པོའི་ཐབས་ལམ་མ་སྤྱོད་རོགས་ཞེས་ཟེར་རྒྱུ་ཡིན། ཞེས་བརྗོད་འདུག་ལ། འཐུས་མི་གཞན་ཞིག་གིས་ཀྱང་ལས་འགུལ་བ་སྐོར་ཞིག་གི་སྣེ་འཁྲིད་དེ། ཁེ་རི་ལེམ་གོ་གནས་ནས་འབབ་དགོས་ཞེས་པའི་འབོད་ཚིག་སྒྲོག་བཞིན་ཡོད་འདུག

དེ་རིང་སྔ་དྲོར་ཐའེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་གཞུང་འབྲེལ་ཊུ་ཝི་ཊར་དྲ་ལམ་ཐོག་ཕྱི་སྲིད་བློན་ཆེན་ཇོ་སེབ་ཝུ་(Joseph Wu) ཡི་མཚན་ཐོག་ནས་ཧོང་ཀོང་གི་ལས་འགུལ་བར་རྒྱབ་སྐྱོར་གྱི་གནས་ཚུལ་ཞིག་སྤེལ་བའི་ནང་། ངས་ཧོང་ཀོང་ནང་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་དང་ཁྲིམས་ཀྱི་དབང་སྒྱུར་ཆེད་འཐབ་རྩོད་བྱེད་མཁན་དག་དང་དཔུང་པ་མཉམ་གཤིབ་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁྱེད་ཚོ་ཁེར་རྐྱང་མིན་པ་ཤེས་རོགས། ཐའེ་ཝན་ཁྱེད་ཚོའི་ལྷན་དུ་ཡོད། མི་མང་གི་མངོན་འདོད་དེ་དར་ཁྱབ་འགྲོ་རྒྱུ་རེད། ཅེས་བརྗོད་འདུག

གཞན་ཡང་།  ཟླ་འདིའི་ཕྱི་ཚེས་ ༧ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་(Reporters without Borders) དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ ༧༣ གྱིས། མཉམ་འབྲེལ་གྱི་ཐོག་ནས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་མགོ་འཁྲིད་ལྕམ་ཁེ་རི་ལེམ་ལ། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྟེན་གཞི་བྱས་པའི་གསར་འགོད་པ་དང་གནས་ཚུལ་རྒྱུས་ལོན་བྱེད་སའི་ཁུངས་ལྡན་མི་སྣ་ཁག་གི་ཐོག་ལ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་ལོག་སྤྱོད་བྱས་ཏེ་བཙོན་འཇུག་བཀག་ཉར་བྱེད་སྲིད་པས། ཁྲིམས་འཆར་དེ་ཁྲིམས་བཟོ་ལྷན་ཁང་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་སྐུལ་ཡི་གེ་ཞིག་ཕུལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ལས་འགུལ་མགོ་བརྩམས་པ་ནས་བཟུང་ཨ་རི་དང་དབྱིན་ཡུལ་སོགས་ཀྱིས་ཧོང་ཀོང་གི་ལས་འགུལ་བ་རྣམས་ལ་རྒྱབ་སྐྱོར་གནང་འདུག ཨ་རིའི་འཛིན་སྐྱོང་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་མོར་གྷན་ཨོར་ཊེ་གྷ་སི་(Mortan Ortagus) ལགས་ཀྱིས། ཁ་སང་(ཕྱི་ཚེས་ ༩)ཧོང་ཀོང་བ་སྟོང་ཕྲག་མང་པོས་ཞི་བའི་ངང་ནས་ལས་འགུལ་སྤེལ་བ་དེས་མི་མང་གིས་ཁྲིམས་འཆར་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་མཚོན་ཡོད། ཅེས་བརྗོད་ཡོད་པ་དང་། དེ་བཞིན་དབྱིན་ཡུལ་གྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་བློན་ཆེན་སྐུ་ཞབས་མཱག་ཧྥིལ་ཌི་(Mark Field) ལགས་ཀྱིས། ཐེངས་འདིའི་ལས་འགུལ་གྱིས་ཧོང་ཀོང་བ་རྣམས་ཀྱི་ཚོར་བའི་སྟོབས་ཤུགས་མཚོན་ཡོད་སྐོར་དང་། མི་མང་པོ་ཞིག་གིས་ཧོང་ཀོང་བ་དང་དེར་གནས་སྡོད་བྱེད་མཁན་རྣམས་རྒྱ་ནག་གི་ཁྲིམས་འཛིན་འོག་ལྷུང་རྒྱུར་ཞེད་སྣང་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག་པ་དང་། ཨ་རིའི་གྲོས་ཚོགས་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་ཀྱང་གལ་ཏེ་ཧོང་ཀོང་གིས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་གཏན་འབེབ་བྱས་ཚེ། དེས་ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་གིས་ཧོང་ཀོང་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལག་བསྟར་གནད་མིན་བྱས་མིན་གྱི་ངོས་འཛིན་ཐད་ལ་ཤུགས་རྐྱེན་སྤྲོད་སྲིད་སྐོར་གྱི་སྐྱོན་བརྗོད་གནང་ཡོད་འདུགདེ་རིང་ཞོགས་པ་ནས་ཧོང་ཀོང་ཉེན་རྟོག་ཁང་གིས་ལས་འགུལ་བ་རྣམས་ཀྱིས་ཚུར་རྒོལ་བྱས་ཚེ། དྲག་པོའི་ཐབས་ལམ་སྤྱོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད།  དེ་རིང་ཕྱི་དྲོ་ཙམ་ལ་ཧོང་ཀོང་གི་སྤྱི་ཁྱབ་ཉེན་རྟོག་པ་སེ་ཊེ་ཧྥན་ལིའུ་(Stephen Liu) ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག དེ་རིང་གི་ལས་འགུལ་དེ་ཟིང་འཁྲུག་ཅིག་ལ་ངོས་འཛིན་གྱིས་ལས་འགུལ་བའི་ཐོག་ལ་མིག་ཆུ་དུག་རླངས་དང་། འགྱིག་མདེའུ་(Rubber Bullet) སོགས་བཀོལ་སྤྱོད་བྱེད་བཞིན་ཡོད་པ་གསལ་བསྒྲགས་བྱས་ཡོད་པ་མ་ཟད། རྒྱ་ནག་བཅིངས་གྲོལ་དམག་གིས་རོགས་སྐྱོར་ཡོང་ཐབས་སམ། ཡང་ན་འདུ་འཛོམས་མི་ཆོག་པའི་ཛ་དྲག་གསལ་བསྒྲགས་བྱེད་དགོས་པའི་རེ་བ་བཏོན་ཡོད་འདུག

དེ་བཞིན་དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀུན་ཧྲང་(Geng Shuang) གིས། གཞུང་ལམ་སྟེང་གི་ལས་འགུལ་བ་རྣམས་ཀྱི་ཐོག་ལ་བཅིངས་གྲོལ་དམག་མི་འགྲེམ་འཇོག་བྱ་རྒྱུ་ཡིན་པའི་གནས་ཚུལ་ཞིག་ཁྱབ་བཞིན་པ་དེ་རྫུན་མ་རེད། ངས་གནས་ཚུལ་དེ་མི་མང་རྣམས་མགོ་སྐོར་དང་དཀའ་རྙོག་བཟོ་ཆེད་ཁྱབ་སྤེལ་བྱས་པ་ཞིག་ཡིན་པ་བཤད་ཐུབ། ཅེས་དང་། གནད་དོན་འདིའི་ཐད་ཚོགས་སྒེར་སུ་ལ་ཡང་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་མེད་སྐོར་དང་། ཨ་རིའི་མི་སྒེར་བ་སྐོར་ཞིག་གིས་འགན་འཁྲི་མེད་པའི་འགྲེལ་བརྗོད་ལོག་པ་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བརྗོད་འདུག

ཕྱི་ཕྱོགས་སུ་ཡོད་པའི་རྒྱ་ཡིག་དྲ་བ་པོ་ཤུན་ (Boxun)ཐོག་ད་ལན་གྱི་ངོ་རྒོལ་ལས་འགུལ་དེའི་རྐྱེན་པས་རྒྱ་ནག་གཞུང་ལ་བློ་འཚབ་སྐྱེ་རུ་བཅུག་ཡོད་པ་མ་ཟད། ཞི་ཅིན་ཕིང་གིས་སྲིད་འཛིན་སློབ་སྟོན་པ་ལྷན་དུ་གནད་དོན་ཐག་གཅོད་བྱེད་ཕྱོགས་སྐོར་གྲོས་བསྡུར་བྱེད་སྐབས། ཧོང་ཀོང་གི་གནས་སྟངས་དེ་སྟངས་འཛིན་བྱེད་མ་ཐུབ་པའི་ཉེན་ཁ་ཡོད་ལུགས་བརྗོད་ཡོད་སྐོར་དང་། རྒྱ་ནག་མི་མང་བཅིངས་གྲོལ་ལྷོ་ཁུལ་དམག་སྡེ་དང་ཧོང་ཀོང་གི་དམག་སྡེ་རྣམས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་གི་བཀའ་རྒྱ་ལ་སྒུག་བསྡད་ཡོད་པ་དང་། ཧོང་ཀོང་ནང་དུ་གནས་ཚུལ་ཛ་དྲག་པོ་ཇི་བྱུང་ལ་གྲ་སྒྲིག་ཨང་གསར་ཡོད་སྐོར་སོགས་བཀོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༦/༡༢

Leave a Reply

One thought on “ཧོང་ཀོང་གི་ཁྲིམས་འཆར་གསར་པ་ཕྱིར་འགྱངས་བྱེད་དགོས་བྱུང་།

  1. ༄།ཁྲིམས་འཆར་དེ་ཕྱིར་འགྱངས་ཟེར་བ་ནི་མི་མང་་མགོ་བསྐོར་གཏོང་བྱེད་་གནས་སྐབས་ཀྱི་གཡོ་སྒྱུར་ཞིག་ལས་མཐའ་ཐུག་གི་ཡིད་ཆེས་ཐུབ་པའི་གྲུབ་འབྲས་ཞིག་གཏན་ནས་མིན་།རྗེས་མ་གཟིགས་དངཆོག