རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཆེ་ཤོས་ཀྱི་ལེགས་བཅོས་ལས་འཆར།

བོད་མིའི་གཞིས་ཆགས་ཚོས་མིའི་རིགས་ཀྱི་ཆེས་དཀོན་པའི་གཏེར་ཞིག་རྒྱུན་འཛིན་བྱེད་ཀྱིན་ཡོད། དེ་ནི་མིའི་བསམ་བློ་དང་ཀླད་པ་བཅོས་པར་བྱེད་པའི་ནུས་པ་དེ་ཡིན། བོད་མིའི་གཞིས་ཆགས་ཚོས་རྒྱུན་འཛིན་གནང་བའི་ལམ་ལུགས་དེས་མི་རྣམས་བྱམས་བརྩེ་ཆེ་བ་དང་། དྲན་ཤེས་བརྟན་པར་བྱེད་ཀྱིན་ཡོད་པ་དེ་ནི་ཉེ་དུས་ཀྱི་ཉམས་ཞིབ་ཀྱིས་བསྟན་ཡོད། འདི་ནི་ཤིན་ཏུ་གལ་ཆེ་ཡང་ཉམས་སླ་བ་ཞིག་ཀྱང་ཡིན།

ཌེ་ནི་ཡལ་གྷོལ་མན་ (Daniel Goleman)  གྱིས་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་འདོད་རྒུ་གླིང་གི་ལེགས་བཅོས་ལས་འཆར་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད་པ་དང་། ཁོང་ནི་སེམས་ཁམས་རིག་པ་བ་དང་སེམས་མྱོང་གི་ཤེས་རབ་ཅེས་པའི་བྱ་དགའ་ཐོབ་པའི་དེབ་ཀྱི་རྩོམ་པ་པོ་ཡིན།

རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་རྣམས་ལ་འཛམ་གླིང་གི་འགྱུར་ལྡོག་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་སྤྲོད་པའི་ནུས་པ་ཡོད་ལ། གཞིས་ཆགས་དེ་དག་གིས་རྒྱ་གར་གྱི་གནའ་བོའི་དཔལ་ནཱ་ལེནྡྲའི་རིག་གཞུང་གི་རྒྱུན་ལེགས་པར་བཟུང་ཡོད། དེ་ལྟར་བྱེད་ཐུབ་པ་ཡང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་ཀྱི་མི་རབས་རྒན་པ་རྣམས་དང་། དགོན་སྡེ་གྲྭ་ཚང་ཁག དབུས་བོད་མིའི་སྒྲིག་འཛུགས། རྒྱ་གར་གཞུང་དམངས་གཉིས། ཕྱོགས་གང་སར་བཞུགས་པའི་རྒྱབ་སྐྱོར་བ་རྣམས་ཀྱི་བཀའ་དྲིན་ཡིན།

གཞིས་ཆགས་ཁག་ལ་རིག་གཞུང་རྒྱུན་འཛིན་གྱི་ཡོན་ཏན་དེ་ལྡན་ཡང། རྒྱལ་སྤྱིའི་དཔལ་འབྱོར་དང་ཆབ་སྲིད། ཚན་རྩལ། རིག་གཞུང་གི་འཁྱེར་སོ་སོགས་ཀྱི་རྐྱེན་པས་གཞིས་ཆགས་ཁག་གི་དེང་དུས་ཀྱི་གནས་བབ་ཛ་དྲག་ཏུ་གྱུར་ཡོད། གཞིས་ཆགས་ནང་དུ་དཔལ་འབྱོར་འཚོལ་སྒྲུབ་ཀྱི་གོ་སྐབས་དཀོན་པའི་རྐྱེན་གྱིས། གཞོན་སྐྱེས་རྣམས་ནུབ་ཕྱོགས་ཡུལ་གྲུ་ཁག་དང་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཏུ་འགྲོ་བཞིན་ཡོད། གཞིས་ཆགས་ཤིག་ཏུ་བསྡད་མྱོང་མཁན་ཞིག་གི་ངོས་ནས་ཕྱིར་བསྐྱོད་ཀྱི་འདུན་པ་ཇི་ཙམ་ཡོད་པ་དེ་མྱོང་པས་ཤེས་ནུས།

དཔལ་འབྱོར་གྱི་ལྟ་ཚུལ་གྱི་སྒོ་ནས་ཞུས་ན་གཞིས་ཆགས་ཁག་ནས་ས་གནས་གཞན་དུ་གནས་སྤོས་བྱེད་པ་ནི་རྒྱུ་མཚན་དང་ལྡན་པ་ཡིན་མོད། འོན་ཀྱང་སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་གནས་ཀྱི་འཆར་འགོད་ལ་མ་བརྟེན་པར་གཞིས་ཆགས་ནང་གི་དགོན་སྡེ་ཁག་འཚོ་མི་ཐུབ། སྐྱ་བོའི་སྤྱི་ཚོགས་ནི་དགོན་སྡེ་ཁག་ལ་རྒྱབ་སྐྱོར་བྱེད་རྒྱུ་ཙམ་མ་ཡིན་པར། བོད་ཀྱི་སྒྱུ་རྩལ་དང་རིག་གཞུང་། སྐད་ཡིག་རྒྱུན་འཛིན་བཅས་ལ་ཧ་ཅང་གལ་ཆེན་པོ་ཡིན། གཞིས་ཆགས་ཚགས་ཚུད་པོ་ཡོང་བ་ལ་སྤྱི་ཚོགས་རྒྱུན་གནས་ཙམ་གྱི་མི་ཚིམ་པར་གཞིས་ཆགས་རང་གི་ནང་དུ་རིག་རྩལ་གསར་པ་དང་། དཔལ་འབྱོར་གྱི་ཡོང་ཁུངས་གསར་པ་འཚོལ་སྒྲུབ་བྱ་དགོས།

དཔལ་འབྱོར་ཡར་རྒྱས་ཀྱི་འཆར་འགོད་དེ་ནི་གཞིས་ཆགས་སུ་སྡོད་མཁན་ཁོ་ནར་དམིགས་པ་ནི་ཏག་ཏག་འགྲིག་མེད། གཉིས་ཕན་གྱི་ཡར་རྒྱས་འཆར་འགོད་ཞིག་མེད་ན་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་དང་མཉམ་དུ་རྙོག་འཛིང་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད། བཤད་ཚུལ་གཞན་ཞིག་ནི། གཡས་གཡོན་གྱི་གྲོང་པ་ལ་བརྩི་འཇོག་མེད་པའི་གཞིས་ཆགས་ཀྱི་ཡར་རྒྱས་ཀྱིས་གནད་དོན་གཞན་སློང་བར་བྱེད། ཉེ་འཁོར་གྱི་ཡུལ་མི་ལ་དམིགས་ནས་ཡར་རྒྱས་ཀྱི་འཆར་སྣང་བཟོ་རྒྱུ་ནི་གལ་ཆེན་པོ་ཡིན་ལ། གཞིས་ཆགས་ཀྱི་ཡར་རྒྱས་ལས་ཉེ་འཁོར་ཡུལ་མི་རྣམས་ལ་ཁེ་ཕན་བསྐྲུན་ཐུབ་པ་དགོས།

དེང་རབས་ཚན་རྩལ་གྱིས་ཁེ་ཕན་མང་པོ་བསྐྲུན་ཐུབ་ཀྱང་། དགོན་སྡེ་སོགས་སྲོལ་རྒྱུན་གྱི་ལམ་ལུགས་འགའ་ཤས་ལ་གནོད་སྐྱོན་ཐེབས་ཀྱིན་ཡོད། ངས་གྲོགས་པོ་དང་བླངས་པ་ཞིག་ནས་གོ་ཐོས་ལྟར་ན་དགོན་པའི་གྲྭ་པ་རྒན་པ་རྣམས་ཀྱིས་དྲ་རྒྱའི་ཁེ་ཕན་དང་གནོད་སྐྱོན་གྱི་དཀའ་རྙོག་ལ་གདོང་ལེན་བྱེད་སྟངས་མ་ཤེས་པར་གྱུར་ཡོད།

ད་ལྟའི་འཛིན་སྐྱོང་དང་དགོན་པར་ཕྱི་གསལ་ནང་གསལ་མེད་པའི་རྐྱེན་གྱིས་ཕུགས་རྒྱང་རིང་པོའི་འཆར་གཞི་དང་ལས་འགུལ་གྱི་ནུས་པ་འདོན་ཐུབ་ཀྱི་མེད། གཞིས་ཆགས་ཁག་གི་ཕྱིའི་འཛུགས་སྐྲུན་ཞན་ཞིང་ཆུའི་འབྱུང་ཁུངས་དཀོན་པའི་རྐྱེན་གྱིས་དཀའ་ངལ་མང་པོ་འཕྲད་བཞིན་ཡོད།

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་ཆགས་ཁག་ལེགས་བཅོས་བྱེད་རྒྱུར་གལ་ཆེར་མཐོང་སྟེ་དཀའ་ངལ་སེལ་བའི་ཐབས་ལམ་བཏོན་ཡོད། གོང་རིམ་ནས་བརྒྱུད་པའི་ཐབས་ལམ་   (top-down approach)  གྱིས་དཀའ་རྙོག་སེལ་མི་ཐུབ་པར་འདོད་མཁན་གྱི་དབུས་གཞུང་གི་གཞུང་ཞབས་པ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དབུས་གཞུང་ནས་དམའ་རིམ་ནས་བརྒྱུད་པའི་ལེགས་བཅོས་ཐབས་ལམ་ (bottom-up development effort)    ལ་རྒྱབ་སྐྱོར་ཐོབ་ཡོད།

ཕྱི་ལོ་ ༢༠༡༢ ལོའི་སྤྱི་ཟླ་ ༡༢ པའི་ནང་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཆེ་ཤོས་མོན་གྷོ་འདོད་རྒུ་གླིང་གི་འཐུས་མི་འགའ་ཞིག་ངའི་རྩར་ཡོང་སྟེ་ངས་རོགས་སྐྱོར་བྱེད་ཐུབ་མིན་སྐོར་ལ་བཀའ་འདྲི་གནང་སོང་། ཁས་བླངས་པའི་རྗེས་སུ་ངས་ཤེས་ཡོན་གྱི་ལམ་ལུགས་དེ་ལ་བསྔགས་བརྗོད་བྱེད་མཁན་གྱི་ཆེད་ལས་པའི་གྲོགས་པོ་དང་ནང་མི་ཁ་ཤས་སློབ་སྟོན་པ་དང་དང་བླངས་པའི་ཚུལ་དུ་བདམས་པ་ཡིན།

ཀར་ན་ཊ་ཀ་མངའ་སྡེ་གཞུང་གི་མཐོ་རིམ་དཔོན་རིགས་རྣམས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔོན་རིགས་རྣམས་ཀྱི་རྒྱབ་སྐྱོར་ཐོབ་པ་དེ་ནི་ང་ལ་སེམས་འགུལ་ཐེབས་པའི་རྐྱེན་གཙོ་བོ་ཞིག་ཡིན། ཀར་ན་ཊ་ཀ་མངའ་སྡེ་གཞུང་གི་དཔོན་རིགས་རྣམས་ཀྱིས་ང་ལ་འདོད་རྒུ་གླིང་ལེགས་བཅོས་ལས་འཆར་དེ་ནི་ཁོང་ཚོའི་འཆར་གཞི་དང་མཐུན་པོ་འདུག་ཅེས་གསུངས་ཏེ་རྒྱབ་སྐྱོར་གནང་རྒྱུ་ཞལ་བཞེས་གནང་སོང་། ཀར་ན་ཊ་ཀ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་གི་འབོད་ཚིག་ནི། མངའ་སྡེ་གཅིག་འཇིག་རྟེན་དུ་མ། ཞེས་པ་དེ་ཡིན།

ཚོགས་པའི་དབུ་འཁྲིད་རྣམས་དང་ལྷན་དུ་གྲོས་མོལ་བྱེད་པའི་སྐབས་སུ་ངས་འདོད་རྒུ་གླིང་དུ་གཏན་སྡོད་དང་གཏན་སྡོད་མ་ཡིན་པའི་འབྲེལ་ཡོད་རྣམས་ལ་སེམས་འགུལ་ཐེབས་བྱེད་ཀྱི་འཆར་གཞི་ཞིག་བསྐྲུན་རྒྱུ་ནི་གལ་ཆེན་པོ་རེད་ཅེས་བཤད་པ་ཡིན། དེ་ནས་བཟུང་ང་ཚོས་འཆར་གཞི་དེ་མུ་མཐུད་ནས་ཡར་རྒྱས་བཏང་བ་ཡིན། ང་ཚོའི་སྐབས་སུ་བབ་པའི་འཆར་གཞི་ནི་འདོད་རྒུ་གླིང་དེ་ནཱ་ལེནྡྲའི་སྲོལ་རྒྱུན་དང་བོད་ཀྱི་རིག་གཞུང་མི་རབས་ནས་མི་རབས་བར་སློབ་གཉེར་བྱེད་པའི་ལྟེ་གནས་གཙོ་བོ་ཞིག་ཏུ་བསྐྲུན་རྒྱུ་དེ་ཡིན།

ང་ཚོས་འདོད་རྒུ་གླིང་དེ་ཉམས་བཞིན་པའི་བོད་པའི་གཞིས་ཆགས་ཤིག་ལས་བྱམས་བརྩེ་དང་རྒྱུ་མཚན་ལ་གཞི་བཅོལ་བའི་ཤེས་ཡོན་གྱི་སྡེ་ཚགས་ཚུད་པོ་ཞིག་ཏུ་བསྒྱུར་རྒྱུའི་ཆེད་དུ་ང་ཚོའི་ལས་འཆར་དེའི་མིང་ལ་འདོད་རྒུ་གླིང་ལེགས་བཅོས་ལས་འཆར་ཞེས་བཏགས་པ་ཡིན། གནའ་བོའི་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ལ་བརྟེན་ནས་ང་ཚོའི་ལས་འཆར་དེ་ལ་བློ་སྤོབས་སྦྱིན་སོང་། ང་ཚོས་ལས་འཆར་དེ་སྤྲོ་གསེང་རོལ་རྩེད་མ་ཡིན་པར་གཏིང་ཟབ་ཅིང་ཕུགས་རྒྱང་རིང་པོར་དམིགས་ཏེ་མུ་མཐུད་ནས་ཡར་རྒྱས་གཏོང་རྒྱུ་གཏན་ཁེལ་བྱས་པ་ཡིན།

གཤམ་གསལ་རྒྱུ་མཚན་དག་ལ་བརྟེན་ནས་ལས་འཆར་དེ་ལེགས་འགྲུབ་འབྱུང་བའི་ཆེད་དུ་འདོད་རྒུ་གླིང་དེ་ས་གནས་དམིགས་བསལ་པ་ཞིག་ཆགས་ཡོད།

༡༽   འདོད་རྒུ་གླིང་དུ་བོད་ཀྱི་གདན་ས་ཆེན་པོ་གསུམ་ལས་འབྲས་སྤུངས་དང་དགའ་ལྡན་གཉིས་ཆགས་ཡོད་པ་མ་ཟད་ཆོས་བརྒྱུད་རིས་མེད་ཀྱི་ནང་པའི་སློབ་གཉེར་ཁང་མང་པོ་ཡོད།

༢༽  གཞིས་ཆགས་དེར་གནམ་གྲུ་དང་། མེ་འཁོར། གཞུང་ལམ་སོགས་ལས་སྟབས་བདེའི་ངང་འབྱོར་ཐུབ།

༣༽  གཞིས་ཆགས་དེའི་ས་ཡི་རྒྱ་ཁྱོན་ལ་ཨེ་ཀར་༤༠༠༠ ཡོད་པས་རྒྱ་བསྐྱེད་སླ་བ་ཡོད།

༤༽  ལས་འཆར་དེ་ནི་ཡུལ་མི་ ༡༦༠༠༠ ལྷག་གི་ཚབ་མཚོན་བྱེད་པའི་སྙིང་སྟོབས་ཅན་གྱི་ཚོགས་པ་ཧྲག་བསྡུས་ཞིག་གིས་སྣེ་འཁྲིད་བྱེད་ཀྱིན་ཡོད།

༥༽  ལས་འཆར་དེ་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པ་མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས། ཀར་ན་ཊ་ཀའི་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་བཅས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད།

མང་ཚོགས་ཀྱི་འབད་བརྩོན་དང་འབྲེལ་ཡོད་འདྲ་མིན་ནས་ཕྱར་བ་གྲུ་འདེགས་གནང་བ་ལ་བརྟེན་ནས་རྒྱ་གར་ཀར་ན་ཊཀའི་མངའ་སྡེ་གཞུང་ནས་གཞིས་ཆགས་ཀྱི་གཞུང་ལམ་བསྐྱར་བཟོའི་ཆེད་ཨ་སྒོར་ ༥༠༠༠༠༠།༠༠ ཙམ་གྱི་ལས་གཞི་བསྒྲུབས་ཡོད་པ་དང་། གཞིས་ཆགས་རྒྱུན་གནས་ཆེད་ཨ་སྒོར་ ༡༠༠༠༠༠་༠༠ ཙམ་གནས་པའི་ཉམས་ཞིབ་ཀྱི་སྙན་ཐོ་བཏོན། ཚོགས་པའི་སྐོར་རྒྱག་མ་དངུལ་ཆེད་ཨ་སྒོར་ ༣༠༠༠༠་༠༠ མཁོ་སྒྲུབ་ཞུས་ཡོད། ཚོགས་པའི་ནང་འགན་འཛིན་ལྷན་ཚོགས་ (Executive Committee) དང་རྒྱུན་ལས་ཚོགས་ཆུང་     (Managing Committee) བཙུགས་ཡོད་པ་དང་། འགོ་འཁྲིད་རྣམས་ལ་སྦྱོང་བརྡར་ཕུལ་ཡོད་ལ། རྒྱལ་སྤྱིའི་མཁས་དབང་དང་ཉམས་མྱོང་ཅན་གྱི་སློབ་སྟོན་པ།  དེ་བཞིན་དྭང་བླངས་ཞབས་ཞུ་བ་མཉམ་ཞུགས། དབུས་བོད་མིའི་སྒྲིག་འཛུགས་ལ་རྒྱ་གར་གྱི་ས་ཆའི་བོགས་གཏོང་གི་གན་རྒྱ་འཇོག་པ་ལ་གྲོས་མཐུན་ཡོང་བའི་བསམ་ཚུལ་ཕུལ་བ་དང་། འདོད་རྒུ་གླིང་འདི་བཞིན་རྒྱལ་སྤྱིའི་ནང་ས་ཆ་གལ་གནད་ཆེན་པོ་ཡིན་པ་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་གསལ་སྟོན་ཞུས།

ད་ལྟའི་ཆར་འདོད་རྒུ་གླིང་ལ་ས་བགོད་འཆར་གཞི་ (zoning) དང་འཛུགས་སྐྲུན་གྱི་ཁྲིམས་ཡིག་ (building code) མི་འདུག རྨང་གཞིའི་འཛུགས་སྐྲུན་གྱི་གནས་སྟངས་དང་། ཐོན་ཁུངས་ནུས་ཚད། འཕྲོད་བསྟེན། སྡོད་གནས་རྣམས་སྤྱིའི་འཆར་འགོད་ལ་མ་ལྟོས་པར་ཁང་པ་གསར་བཟོ་བྱེད་ཀྱིན་འདུག འཆར་གཞི་དང་སྒྲིག་སྲོལ་མེད་པའི་བྱ་སྤྱོད་དེ་དག་གིས་མ་འོངས་པར་འདོད་རྒུ་གླིང་ཡར་རྒྱས་བརྟན་པོ་ཡོང་བར་འགལ་རྐྱེན་འཕྲད་ངེས་ཡིན།

གལ་ཏེ་ཚོང་གི་འཆར་གཞི་ (business plan)   དང་། ཕུགས་རྒྱང་རིང་པོའི་འཆར་གཞི་ (master plan)  ས་བགོད་འཆར་གཞི། འཛུགས་སྐྲུན་ཁྲིམས་ཡིག་སོགས་འཆར་གཞི་ཞིབ་ཚགས་མེད་ན་དྷ་སར་མཐོང་གསལ་ལྟར་གྱི་འཆར་གཞི་མེད་པའི་འཛུགས་སྐྲུན་གྱི་གནས་སྟངས་ལྟ་བུ་ཆགས་རྒྱུའི་ཉེན་ཁ་ཡོད། ས་ཆ་ཆ་བགོས་བྱས་པ་དེ་ནི་ས་ཆ་བེད་སྤྱོད་གཏོང་ཐབས་ལེགས་ཤོས་ཤིག་ཡིན་ཞིང་དེས་ང་ཚོའི་ལས་འཆར་འགྲུབ་པ་ལའང་ཁེ་ཕན་ཡོད།

ཚོང་འབྲེལ་འཆར་འགོད་ཆེད་ང་ཚོས་སྔོན་ཚུད་ནས་གནས་སྟངས་ཤེས་རྟོགས་དགོས་པ་ནི་ས་ཆའི་གནས་བབ། དེའི་བཀོད་པ། སྒྲིག་འཛུགས་ལ་ཞིབ་ལྟ། ཁོར་ཡུག་གི་བདེ་འཇགས། ལྷག་པར་དུ་ཆུ་དང་། གློག ཆུའི་ཡུར་བ་འཛུགས་བསྐྲུན་གྱི་གནས་སྟངས་ཤེས་པའི་ཐོག་ཁྲོམ་རའི་འཆར་འགོད་སྤེལ་རྒྱུ་དང་། དེ་ཡང་ས་གནས་དང་རྒྱལ་སྤྱིའི་གནས་བབ་བསྡུར་ནས་སྒེར་བའི་ཚོང་ལས་ཀྱི་གོ་སྐབས་ལ་དཔལ་འབྱོར་གྱི་གནས་སྟངས་རྟོགས་པའི་ཐོག་ལས་འཆར་གཏན་འབེབས་བྱེད་དགོས་རྒྱུ། གྲོང་སྡེའི་ཚོགས་ཁང་ནང་དུ་མི་མང་གི་བསམ་འཆར་བསྡུ་ལེན་བྱེད་པའི་ཆེད་དུ་ཉམས་ཞིབ་དེ་སྡེ་ཚན་དུ་མར་ཕྱེ་རྒྱུ་ཡིན།

སྤྱིའི་ལེགས་བཅོས་ཀྱི་འཆར་སྣང་དང་མཐུན་པར་འདོད་རྒུ་གླིང་ལེགས་བཅོས་ལས་འཆར་གྱིས་དཔལ་ནཱ་ལེནྡྲའི་ཤེས་ཡོན་ལྟེ་གནས་ཀྱི་ནང་ཚན་དུ་འགྲེམས་སྟོན་ཁང་དང་དཔེ་མཛོད། བོད་ཀྱི་གསོ་རིག་ལྟེ་གནས། བགྲེས་ཤག རྒྱལ་སྤྱིའི་ཚད་ལྡན་མགྲོན་ཁང་དང་ཟ་ཁང་བཅས་སྤྱིའི་ཚོང་ལས་ལེགས་བཅོས་འཆར་འགོད་ལ་དམིགས་ཏེ་བཞག་ཡོད།
ཞིབ་འཇུག་འདི་དཔལ་འབྱོར་ལེགས་ཤིང་རྒྱུན་བརྟན་པོ་ཡོང་བའི་ཆེད་དུ་འདོད་རྒུ་གླིང་ཕྱི་ནང་གཡས་གཡོན་དུ་ཚོང་གི་ལས་གཞི་ལ་གཙོ་བོར་དམིགས་རྒྱུ་དེ་ཡིན། ནཱ་ལེནྡྲ་དང་བོད་ཀྱི་རིག་གཞུང་ལ་ཕན་པའི་ལས་འཆར་རྣམས་ལ་གལ་གནད་ཆེ་བར་བཟུང་གི་ཡིན།

འཆར་གཞི་དེ་དངོས་ཡོད་ལ་གཞི་བཅོལ་ཞིང་ཚོང་གི་ལས་གཞི་ཡར་རྒྱས་ཀྱི་ཆེད་དུ་ཉམས་མྱོང་དང་ཆ་རྐྱེན་འཛོམས་པའི་ཡང་དག་པའི་ཚོང་འབྲེལ་བསྡུ་ཐུབ་པར་དམིགས་རྒྱུ་ཡིན། དེ་ལྟར་ཡོང་བ་ལ་ང་ཚོས་མཐུན་རྐྱེན་འཛོམས་ཤིང་ཁེ་བཟང་ལེགས་པ་ཞིག་བསྐྲུན་ཐུབ་པ་དགོས། དེར་མ་ཟད་ང་ཚོས་ཀར་ན་ཊར་ཀ་མངའ་སྡེའི་ནང་གི་མི་མང་འགུགས་ནུས་པའི་ས་ཁུལ་ཁག་དང་འདོད་རྒུ་གླིང་གཉིས་ཀྱི་དབར་ཕན་ཚུན་གཉིས་ཕན་གྱི་འབྲེལ་ལམ་ཡག་པོ་ཡོང་བའི་ཆེད་དུ་འབྲེལ་མཐུད་ཇི་ལྟར་བྱེད་དགོས་མིན་གྱི་ཐབས་ལམ་འཚོལ་གྱི་ཡིན།

ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༠༨ པའི་ཚེས་ ༡༠ ཉིན་འདོད་རྒུ་གླིང་ལེགས་བཅོས་ལས་འཆར་གྱི་སློབ་སྟོན་ལྷན་ཁང་དང་གྲོས་མོལ་བྱུང་བའི་རྗེས་སུ་ངས་ཞིབ་ཚགས་པོའི་ཚོང་ལས་འཆར་གཞི་དང་། ཕུགས་རྒྱང་རིང་པོའི་ལས་འཆར་ལ་རྒྱབ་སྐྱོར་བྱེད་པར་ཆ་རྐྱེན་གསུམ་ཚང་དགོས་པར་བཤད་པ་ཡིན། ཆ་རྐྱེན་བཏོན་པ་དེ་ཡང་གཞིས་མི་རྣམས་ལ་དུས་གྲོན་ཆེ་ཞིང་གཟབ་ནན་གྱི་ཚོང་གི་ལས་འཆར་དང་ཕུགས་རྒྱང་རིང་པོའི་ལས་འཆར་ལག་ལེན་བསྟར་བའི་འདུན་པ་དང་ནུས་པ་ཡོང་བའི་ཆེད་ཡིན།

འདོད་རྒུ་གླིང་ལེགས་བཅོས་ལས་འཆར་གྱི་སྣེ་འཁྲིད་པ་རྣམས་ལ་ཞིབ་ཚགས་པོའི་ཚོང་ལས་འཆར་གཞི་དང་། ཕུགས་རྒྱང་རིང་པོའི་ལས་འཆར་འགྲུབ་པའི་ཆེད་ཆ་རྐྱེན་གསུམ་བཏོན་ཡོད་པ་ནི།

༡༽ དབུས་བོད་མིའི་སྒྲིག་འཛུགས་དང་རྒྱ་གར་གཞུང་གཉིས་བར་ལ་ས་ཆ་བོགས་གཏོང་གི་ཡིག་ཆ་གཏན་འབེབས་བྱེད་རྒྱུ་དེ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་ཡིན། རྒྱུ་མཚན་ནི་ས་ཆའི་གནས་སྟངས་གསལ་པོ་མེད་ན་ཚོང་ལས་གཉེར་དཀའ་བ་ཡིན། འདོད་རྒུ་གླིང་ལེགས་བཅོས་ལས་འཆར་ཚོགས་པའི་ངོས་ནས་ཀར་ན་ཊར་ཀ་མངའ་སྡེ་གཞུང་དང་དབུས་བོད་མིའི་སྒྲིག་འཛུགས་བར་ལ་ས་ཆ་བོགས་གཏོང་གི་གན་རྒྱའི་རགས་ཟིན་གཏན་འབེབས་མ་བྱས་གོང་ལ་དོན་ཚན་འགའ་ཞིག་གི་ཐོག་བསམ་འཆར་ཕུལ་བ་ཡིན། དེ་ལྟ་བུའི་བོགས་གཏོང་དེ་ཀར་ན་ཊར་ཀ་མངའ་སྡེ་ལ་ཚོང་གི་ཡོང་ཁུངས་ཡག་པོ་ཡོང་བ་དང་འཚོ་བའི་གནས་སྟངས་ཡར་རྒྱས་ཡོང་རྒྱུར་ཕན་ཐོགས་ཡོད།

༢༽འདོད་རྒུ་གླིང་ལེགས་བཅོས་ལས་འཆར་ཚོགས་པའི་ངོས་ནས་ཞིབ་ཚགས་པོའི་ཚོང་ལས་འཆར་གཞི་དང་། ཕུགས་རྒྱང་རིང་པོའི་ལས་འཆར་ཆེད་གཞིས་ཆགས་དང་རྒྱབ་སྐྱོར་བ་རྣམས་ནས་ཨ་སྒོར་ཁྲི་གསུམ་དང་ཚད་མཉམ་པའི་མ་གནས་བསྡུ་ཐུབ་པ་དགོས། སློབ་སྟོན་པའི་ཉམས་མྱོང་དང་གྲགས་པ་ལ་ལྟོས་ཏེ་ཞིབ་འཇུག་གི་འགྲོ་སོང་ཆེ་རུ་འགྲོ་གི་རེད།

མ་གནས་དེ་ཞིབ་འཇུག་དང་འཆར་གཞིའི་འགྲོ་སོང་བསྡུ་རུབ་ཀྱི་ཆེད་མ་རྩ་འཇོག་རྒྱུ་ཡིན། དཔལ་འབྱོར་བསྡུ་རུབ་ཀྱི་དགོས་པ་ནི་དཔལ་འབྱོར་གྱི་ཡོང་ཁུངས་ཙམ་མ་ཡིན་པར་གཞིས་མི་རྣམས་ལ་སྤྱི་ཚོགས་ཀྱི་ཁེ་ཕན་གྱི་ཆེད་དུ་འཆར་འགོད་ལག་བསྟར་བྱེད་པ་ལ་སེམས་ཤུགས་སྤར་རྒྱུ་དེ་ཡིན།

༣༽ དབུས་བོད་མིའི་སྒྲིག་འཛུགས་དང་མཉམ་དུ་འབྲེལ་མཐུད་ཡར་རྒྱས་གཏོང་རྒྱུ།
སྣེ་འཁྲིད་དེ་ནི་གོང་རིམ་ནས་ཡོང་བ་མ་ཡིན་པར་གཞིས་མི་ནང་ཁུལ་ནས་ཡོང་དགོས་སྟབས་འབད་རྩོལ་དེ་ནི་དམིགས་བསལ་པ་ཞིག་ཡིན། སློབ་སྟོན་པ་དང་རྒྱབ་སྐྱོར་པ་རྣམས་ཀྱིས་ཕྱག་ལས་འགོ་མ་འཛུགས་སྔོན་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལས་གཞི་དེའི་སྐོར་ཁ་གསལ་བཟོ་རྒྱུ་དང་དེ་ལ་རྒྱབ་སྐྱོར་གནང་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན།

སྤྱི་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་དུ་ཨེ་ཤི་ཡའི་ལྷོ་ཁུལ་གྱི་འཛམ་གླིང་དངུལ་ཁང་གི་དབུ་འཛིན་ཟུར་པ་སྐུ་ཞབས་རྗོ་ཝུཊ་ (Mr. Joe Wood) གཙོས་པའི་ལས་འཆར་འདིའི་རྒྱབ་སྐྱོར་པ་མང་པོ་ཞིག་འདོད་རྒུ་གླིང་དུ་ཕེབས་གཏན་ཁེལ་ཡོད། ང་ཚོའི་དམིགས་ཡུལ་ནི་སྐབས་བབ་ཀྱི་དགོས་མཁོ་དང་ནུས་པ། སྤྱི་ཚོགས་ལ་ཁེ་ཕན་གང་ཡོད་བཅས་ཤེས་པར་བྱ་རྒྱུ་དེ་ཡིན། ང་ཚོས་སྤྱི་ཚོགས་ཀྱི་ནུས་པ་གོང་འཕེལ་ཡོང་བའི་ཆེད་དུ་འདོད་རྒུ་གླིང་དུ་ནཱ་ལེནྡྲ་དང་འབྲེལ་བའི་རྒྱལ་སྤྱིའི་དུས་སྟོན་སོགས་ལས་འཆར་གཙོ་བོ་ཁག་ཅིག་རྒྱུན་སྐྱོང་གི་ཡིན།

ང་ཚོས་ ༢༠༡༧ དང་ ༢༠༡༨ གང་རུང་གི་མཇུག་ཏུ་འདོད་རྒུ་གླིང་དུ་དུས་སྟོན་ཚོགས་རྒྱུའི་དམིགས་ཡུལ་ནི་མཉམ་ལས་ཡོང་བའི་ཆེད་དང་། རོགས་སྐྱོར་པ་དང་དོན་གཉེར་བའི་ཚོགས་སྡེ་རྒྱ་ཆེ་ས་ལ་འབྲེལ་བ་ཡོང་རྒྱུའི་ཆེད་ལས་འཆར་འགོ་འཛུགས་རྒྱུ་དེ་ཡིན། ང་ཚོའི་འཆར་གཞི་ནི་དུས་སྟོན་གྱི་བརྗོད་གཞི་གཙོ་བོ་དེ་ནི་ནཱ་ལེནྡྲའི་སྲོལ་རྒྱུན་གཙོར་འདོན་བྱེད་རྒྱུ་དེ་ཡིན་ལ། དུས་སྟོན་དེས་ཀར་ན་ཊར་ཀ་མངའ་སྡེ་དང་བོད་ཀྱི་རིག་གཞུང་སྐོར་ལ་དོ་སྣང་ཡང་སླེབས་བཅུག་གི་རེད། དུས་སྟོན་དེས་ཀར་ན་ཊར་ཀ་མངའ་སྡེ་དེ་ཉིད་འཛམ་གླིང་སྤྱི་དང་བྱེ་བྲག་རྒྱ་གར་ནང་གི་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་གཙོ་བོ་ཞིག་ཏུ་བསྐྲུན་རྒྱུའི་མངའ་སྡེ་རང་ཉིད་ཀྱི་ལས་འཆར་དེ་ལའང་ཕན་ཐོགས་ཡོད།

དེར་ཡོང་བའི་སྐབས་ང་ཚོས་གོང་གསལ་གྱི་ཆ་རྐྱེན་གསུམ་ལ་བསྐྱར་ཞིབ་བྱས་ཏེ་གནས་སྟངས་ལ་དཔག་པའི་བསྒྱུར་བཅོས་གཏོང་དགོས་མིན་ལྟ་གི་ཡིན། གཞན་ཡང་ང་ཚོའི་དང་བླངས་ཀྱི་ཨར་ལས་འཆར་འགོད་པ་འབྲུག་བྷི་སན་ (Duke Beeson) གྱིས་གཞིས་མི་ལ་མ་འོངས་པའི་འདོད་རྒུ་གླིང་གསར་པ་བསྐྲུན་རྒྱུར་འཆར་སྣང་དང་བློ་སྤོབས་སྐྱེད་པའི་ཆེད་ལས་འཆར་གྱི་སྣེ་འཁྲིད་པ་རྣམས་དང་གྲོས་མོལ་བྱས་ཏེ་གཞིས་ཆགས་ཀྱི་ཕྱིའི་འཛུགས་སྐྲུན་ལེགས་བཅོས་བྱེད་རྒྱུའི་འཆར་གཞི་བཏོན་ཡོད།

མགོན་པོ་ཀླུ་སྒྲུབ་སོགས་འདས་པའི་ནཱ་ལེནྡྲའི་སློབ་དཔོན་རྣམས་དང་། དེང་དུས་ཀྱི་ནཱ་ལེནྡྲའི་སློབ་དཔོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སོགས་ཀྱི་སྐུ་ལས་ལ་ཡི་རང་དང་བཀའ་དྲིན་རྗེས་སུ་དྲན་པའི་སྟོབས་ཀྱིས་ང་ཚོ་ལས་འཆར་འདིའི་དང་བླངས་པ་རྣམས་ལ་སེམས་ཤུགས་དང་བློ་སྟོབས་ཡོང་གི་འདུག ལོ་གསུམ་ལྷག་གི་རིང་དང་བླངས་བྱས་པའི་བརྒྱུད་རིམ་ཁྲོད་ང་ཚོས་སྤྱི་ཚོགས་དང་རྒྱབ་སྐྱོར་པ་རྣམས་ལ་དཀའ་ངལ་མང་པོ་ཡོད་པ་ཤེས་གི་ཡོད།

འདས་པའི་དུས་སུ་གྲྭ་ཚང་ཆེ་ཁག་རྣམས་དང་གཞིས་མི་རྣམས་ཀྱིས་ཆབ་སྲིད་དང་དཔལ་འབྱོར་གྱི་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་ཡོད་མོད། འོན་ཀྱང་དེང་དུས་སུ་སྔོན་གྱི་དགོན་པ་སོགས་ཀྱི་སྲོལ་རྒྱུན་ཇི་བཞིན་དུ་གནས་མི་ཐུབ། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་རྒྱ་གར་གྱི་གྲོང་ཁྱེར་ནང་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ཀྱིས་སྲོལ་རྒྱུན་གྱི་ཆ་འགའ་ཞིག་རྒྱུན་འཛིན་བྱེད་ཐུབ་ཀྱང་། དཔལ་ནཱ་ལེནྡྲ་དང་བོད་ཀྱི་སྲོལ་རྒྱུན་གཏིང་ཟབ་པོ་རྣམས་རྒྱུན་འཛིན་བྱེད་མི་ཐུབ།

གལ་སྲིད་ང་ཚོས་འདོད་རྒུ་གླིང་དུ་ལག་བསྟར་བྱེད་འོས་པའི་དཔལ་འབྱོར་གྱི་མིག་དཔེ་ཞིག་བསྐྲུན་ཐུབ་ན། ངས་གཞིས་ཆགས་གཞན་རྣམས་ཀྱིས་ཀྱང་དེ་དང་འདྲ་བའི་སྤྱི་ལ་ཕན་པའི་འཆར་གཞི་དང་ལྡན་པའི་དམའ་རིམ་ནས་བརྒྱུད་པའི་ལེགས་བཅོས་ཐབས་ཇུས་ལག་ལེན་བསྟར་ཐུབ་རྒྱུའི་ཡིད་ཆེས་ཡོད། དཔལ་འབྱོར་གྱི་གོ་སྐབས་ལས་རིག་སྟོབས་ཅན་འགུགས་ཐུབ་པ་འདས་པའི་ཉམས་མྱོང་ལས་དཔོག་ཐུབ། འཚོ་གནས་བརྟན་པའི་བོད་པའི་གཞིས་ཆགས་རྣམས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་འགྲོ་སོང་ཉུང་དུ་གཏོང་རྒྱུར་མ་ཟད་རིག་གཞུང་རྒྱུན་འཛིན་བྱ་རྒྱུ་ལའང་ཕན་ཐོགས་ཡོད། དེ་དང་མཚུངས་པར་འཚོ་གནས་བརྟན་པའི་གཞིས་ཆགས་རྣམས་ཤེས་རབ་དང་བྱམས་བརྩེའི་ལྟེ་གནས་ཤིག་གི་ཚུལ་དུ་ཀར་ན་ཊར་ཀ་མངའ་སྡེ་དང་རྒྱ་གར། འཛམ་གླིང་སྤྱི་ལ་ལེགས་སྐྱེས་ཤིག་ཆགས་ཡོད།

རྩོམ་པ་པོ་ཚེ་དབང་རྣམ་རྒྱལ་ནི། རྒྱལ་སྤྱིའི་འཛིན་སྐྱོང་གི་ཐཱན་ཌར་སྦརྚ་སློབ་གྲྭ་ (Thunderbird School of Global Management) ནས་ཨེམ་བྷེ་ཨེ་༼MBA ཚོང་ལས་འཛིན་སྐྱོང་གི་སློབ་དཔོན་༽སློབ་ཐོན་པ་ཞིག་ (Beta Gamma Sigma Honor Society member) དང་། ནིའུ་ཡོག་གྲོང་ཁྱེར་གྱི་དངུལ་ཁང་ཚོང་སྡེའི་ནང་དུ་ཕྱག་ལས་གནང་བཞིན་ཡོད་པ་དང་། དེང་སྐབས་བོད་ཀྱི་ཐེབས་རྩ་ཁང་གི་རྒྱུན་ལས་ཡིན།

བསྐྱར་བཅོས།: ༢༠༡༩/༠༦/༢༡

Leave a Reply

4 thoughts on “རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཆེ་ཤོས་ཀྱི་ལེགས་བཅོས་ལས་འཆར།

  1. འདི་འདྲ་བྱེད་རྒྱུ་དྲན་པ་འདི་དགའ་འོས་པ་ཞིག་རེད། ཡིན་ཡང་འདི་བསམ་ཚུལ་ཙམ་དུ་འཇོག་སྲིད་པ་ཞིག་རེད། དེ་མ་བྱས་པར་ཁོང་གི་བསམ་ཚུལ་ལྟར་ལག་ལེན་ལ་ལྟར་ཐུབ་དེའི་དགེ་མཚན་བརྗོད་མ་དགོས་པ་རེད་འོན་རེ་བ་ཆེན་པོ་ཡོད་པ་མ་རེད། གང་ཡིན་ཟེར་ན་དེའི་བར་ན་ཡང་བཀྲིས་སྣ་ནག་མ་མང་ནི་རེད། འགའ་ཤས་འཕྲག་ཏོག་དང་འགས་ཤས་ཟ་འདོད། སོགས་མང་པོ་རེད་ཡོད་རེ་ཁོ་རེ།

  2. གཞུང་པ་ཚེ་དབང་བསོད་ནམས་

    རྗེས་སུ་ཡིད་རངས་དང་བསྔགས་བརྗོད་ཞུ་གི་ཡོད་འོན་ཀྱང་ཡིག་ཐོག་
    གི་ལས་འཆར་དང་དངོས་སུ་ལག་ལེན་གཉིས་ལ་གནམ་ས་ལྟ་བུའི་བར་
    ཁྱད་འགྲོ་བཞིན་པ་ནི་ང་ཚོའི་འདས་པའི་ཉམས་མྱོང་གི་ཐོག་ནས་ངོ་འཕྲོད་
    ཐུབ་པ་བཅས་ཡིག་ཐོག་གི་ལས་འཆར་དེ་ལག་ལེན་དུ་ཆད་ལྷག་མེད་པ་འགྲོ་
    ཐུབ་པའི་སྨོན་ལམ་ཡོད།

  3. ༄།གོང་གི་བཤད་པ་དང་བསམ་པ་གཉིས་ནི་རྨི་ལམ་ཆེན་པོ་ཞིག་རེད་དེ་འགྲུབ་དང་མི་འགྲུབ་ནི་འགན་ཁུར་མཁན་ལ་འབྲེལ་བ་ཆེན་པོ་ཡོད་།འགན་ཁུར་མཁན་ལས་བྱེད་ཀྱི་བྱ་སྤྱོད་ལ་ས་གནས་མི་མང་གི་ཡིད་ཆེས་མ་ཐུབ་ཚེ་བཀྲིས་ན་ནག་མ་ཡོང་ཡོང་པ་རེད་།ལས་བྱེད་ཀྱི་ཀུན་སྤྱོད་ལ་མི་མང་གི་ངེས་ལན་ཅི་ཙམ་ཡོད་དམ་་་་་་་?

  4. འདི་ནི་གཏམ་བཟང་རེད་ལ་ཧ་ཀྱང་ཡག་པོ་རེད། གང་ལྟར་ཇི་སྲིད་འཁོར་བ་མ་གཏོང་བར་གནས་དགོས་པ་དང་ལྷག་པར་༸གོང་ས་མཆོག་གིས་གསུང་བཞིན་པ་ལྟར་སྤྱི་ཚོགས་ཡར་རྒྱས་སོང་བ་དང་མིའི་རྣམ་དཔྱོད་ཡར་རྒྱས་དགོས་པ་དེ་བཞིན་ཀུན་སྤྱོད་དང་ལྷག་བསམ་དགོས་པ་སོགས་བཀའ་མང་པོ་གནང་ཡོད་པ་རེད། འདི་ལྟ་བུའི་ལམ་སྟོན་གནང་ནས་ལས་འགུལ་ཞིག་སྤེལ་བ་འདི་གལ་ཆེན་ནང་གི་དོན་ཆེན་རེད། ལྷག་པར་བོད་མི་རིགས་ལ་སྐབས་སུ་བབས་པའི་ལས་འགན་དང་དེ་བས་གལ་ཆེན་ཞིག་རེད། རྒྱུ་མཚན་ད་བར་གཞིས་ཆགས་ཁག་སྟོངས་འགྲོ་གི་ཡོད་པ་ངོས་ཡོད་ལ་སོང་གཞི་རྒྱ་ཆེ་བའི་ལས་འགུལ་ལས་སྤེལ་ནས་ལེགས་བཅོས་ཞིག་གནང་ཐུབ་པ་ཡིན་ན་དེའི་དགེ་མཚན་བརྗོད་མ་དགོས་བ་ཞིག་དང་། མ་འོངས་པར་དེ་ལ་མིག་དཔེ་ལྟས་ནས་རྒྱ་གར་རྒྱལ་ཡོངས་ལ་ཕན་ཐོགས་ཡོད་པ་ཞིག་ཆགས་སྲིད་པ་རེད། ཡིན་ཡང་ལས་གཞི་འདི་ལ་ཡང་བཀྲིས་ན་ནག་མ་རེ་མི་ཡོང་བས་སྨོན་འདུན་ཡོད།