རྒྱ་ནག་གིས་ཆོས་དད་རང་དབང་ལ་སྔར་ལས་བཙན་གནོན་བྱེད་ཀྱི་ཡོད་པའི་སྙན་ཐོ་བཏོན།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལོ་འཁོར་སྙན་ཐོའི་ནང་བོད་དང་ཡུ་གུར་གྱི་ཆོས་དད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་སོགས་རྒྱ་ནག་སྤྱི་ཡོངས་ཀྱི་ཆོས་དད་རང་དབང་ཐད་དམིགས་བསལ་གྱིས་བློ་འཚབ་སྐྱེ་དགོས་པ་ཞིག་ཆགས་ཡོད་སྐོར་གསུངས་འདུག ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་་ ༢༠༡༨ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྐོར་གྱི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་། སྙན་ཐོ་དེའི་ནང་དུ་འཛམ་གླིང་རྒྱལ་ཁབ་ ༢༠༠ མ་ཟིན་ཙམ་གྱི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ལ་ཁྱོན་ཤོག་གྲངས་ ༨༧ ཡོད་པ་དང་། རྒྱ་ནག་གཞུང་གི་བཙན་དབང་འོག་ཡོད་པའི་བོད་དང་ཤིན་ཅང་། ཧོང་ཀོང་། ཨོ་མིན་བཅས་ཀྱི་གནས་སྟངས་སྐོར་ལ་སྡེ་ཚན་སོ་སོར་ཕྱེས་ཡོད་པ་མ་ཟད། བོད་ནང་གི་ཆོས་དད་རང་དབང་སྐོར་བཀོད་པའི་ནང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༢ ནས་ཆོས་དོན་སྒྲིག་ཁྲིམས་ (Regulations on Religious Affairs) གསར་པ་ལག་བསྟར་བྱས་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་གཙོ་བོར་གྱུར་པའི་བོད་ཀྱི་ས་གནས་ཁག་ཏུ་ཡོད་པའི་དགོན་སྡེ་གྲྭ་ཚང་གི་དཔེ་འཁྲིད་ལ་དམིགས་བསལ་དམ་དྲག་དང་། ཉིན་རེའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཐེ་བྱུས་སོགས་བྱེད་ཀྱི་ཡོད་པ་མ་ཟད། འདས་ལོར་རྒྱ་ནག་གཞུང་གི་དམ་དྲག་སྲིད་བྱུས་འོག་གྲྭ་བཙུན་ཁག་གཅིག་ལ་སྡུག་སྦྱོང་མནར་གཅོད་དང་ཁག་ཅིག་ངེས་མེད་འཛིན་བཟུང་སོགས་བྱས་ཡོད་པ་དང་། གྲྭ་བཙུན་ཁག་ཅིག་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་སྐོར་དང་། བོད་མིའི་ངོ་བོ་དང་ཆོས་ལུགས་ལ་བརྟེན་ནས་བོད་མི་ཚོར་མགྲོན་ཁང་དང་གླ་གཏོང་རླངས་འཁོར་ནང་སྣེ་ལེན་མི་བྱེད་པའི་གནས་ཚུལ་རྒྱུན་ཏུ་བྱུང་གི་ཡོད་པ། དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་ཁག་གི་ནང་ལས་ཀའི་གོ་སྐབས་དང་འབྲེལ་ནས་བོད་མི་ཡིན་ཚེ་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་སྐོར་དང་།  རྒྱ་རིགས་མང་པོ་ཞིག་བོད་བརྒྱུད་ནང་བསྟན་ལ་དད་མོས་ཆེན་པོ་ཡོད་པ་ལྟར། བོད་ཀྱི་དགོན་སྡེ་ཁག་ནང་སློབ་གཉེར་བྱེད་དུ་ཕྱིན་ན་དམ་དྲག་བྱེད་ཀྱི་ཡོད་སྐོར་བཀོད་འདུག

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ཐོ་ནེ་པིར་ཁིན་སི་(Tony Perkins)ལགས་ཀྱི་བསྒྲགས་གཏམ་ནང་། འདས་ལོའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༢ ནས་ཆོས་དོན་སྒྲིག་ཁྲིམས་ (Regulations on Religious Affairs) གསར་པ་ལག་བསྟར་བྱས་པ་ནས་བཟུང་། རྒྱ་ནག་གཞུང་དང་འབྲེལ་བ་མེད་པའི་ཆོས་ཀྱི་བྱེད་སྒོ་རྣམས་ལ་བཀག་འགོག་དང་། ཆོས་སྡེ་ཁག་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་རྒྱ་ནག་གཞུང་ལ་སྙན་ཞུ་འབུལ་དགོས་ཀྱི་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་ནས་མུ་མཐུད་ཆོས་ལུགས་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་པ་མ་ཟད། ཆོས་ལུགས་དང་འབྲེལ་བའི་རིག་གཞུང་དང་སྐད་ཡིག་མེད་པར་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། ལྷག་་པར་དུ་བོད་བརྒྱུད་ནང་བསྟན་དང་ཡུ་གུར་ཁ་ཆེའི་ཐོག་མུ་མཐུད་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་ཡོད་པ་སོགས་རྒྱ་ནག་ནང་གི་ཆོས་དད་རང་དབང་སྡུག་ཏུ་ཕྱིན་ཡོད་པ་དང་། རྒྱ་ནག་ནི་འཛམ་གླིང་གི་ཆོས་དད་རང་དབང་ཐད་དམིགས་བསལ་བློ་འཚབ་སྐྱེས་དགོས་པའི་རྒྱལ་ཁབ་ཅིག་ཡིན་སྐོར་སོགས་གསུངས་འདུགཡང་ཨ་རིའི་གཞུང་གི་སྙན་ཐོ་དེའི་ནང་འདས་ལོ་ ༢༠༡༨ ལོར་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་མ་བཟོད་པར་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་ཚེ་ཁོ་ལགས་སོགས་རང་བསྲེགས་གནང་མཁན་གཞན་གསུམ་གྱི་ལོ་རྒྱུས་དང་། རྒྱ་ནག་གཞུང་ནས་བོད་དཀར་མཛེས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་བཅས་སུ་གྲྭ་ཤག་ ༡༦༠༠ ཙམ་གཏོར་བཤིག་བཏང་བ་མ་ཟད། གྲྭ་བཙུན་ ༣༠༠༠ ཙམ་ཕྱིར་འཕུད་བཏང་བའི་སྐོར་དང་། བོད་མིའི་དབུ་འཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་ཞུས་པ་དང་སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་གཏོགས་བྱེད་བཞིན་ཡོད་པའི་སྐོར་ཐེར་འདོན་གནང་འདུག་པ་དང་སྦྲགས། ཨ་རིའི་གཞུང་ནས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལོངས་སུ་སྤྱོད་རྒྱུར་བཙན་གནོན་བྱེད་བཞིན་པར་བློ་འཚབ་ཆེན་པོ་ཡོད་པ་ལྟར། འདས་ལོར་ཨ་རིའི་ནང་ཚོགས་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་ལྷན་ཚོགས་སྐབས། ཨ་རིའི་སྲིད་འཛིན་གཞོན་པ་མེག་པིན་སི་(Mike Pence)མཆོག་དང་ཕྱི་སྲིད་དྲུང་ཆེ་མེག་པམ་པེའོ་(Mike Pompeo)མཆོག་རྣམ་གཉིས་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ལ་མཇལ་མོལ་གནང་ཡོད་སྐོར་དང་། ཨ་རིའི་གཞུང་ནས་རྒྱ་ནག་གཞུང་ལ་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་སྐུལ་མ་རིམ་པར་བཏང་ཡོད་ལ། བོད་ནང་དུ་ཡོད་པའི་ཆོས་ལུགས་མགོ་འཁྲིད་དང་། ཆོས་ལུགས་རྗེས་འབྲང་བ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་འབྲེལ་བ་ཟབ་མོ་བཞག་སྟེ་བོད་ནང་གི་ཆོས་དད་རང་དབང་གི་གནས་བབ་ཐད་ལྟ་རྟོག་བྱེད་ཀྱི་ཡོད་པ་བཅས་སོགས་སྲིད་འཛིན་ཊོམ་ཕུ་མཆོག་གི་གཞུང་ནས་གལ་ཆེན་དུ་འཛིན་བཞིན་ཡོད་སྐོར་བཀོད་འདུག

རྒྱ་ནག་ནང་ཆོས་དད་རང་དབང་ཐད་དམ་དྲག་དང་བཙན་གནོན་རིམ་པར་བྱུང་དང་འབྱུང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྐོར་གྱི་དྲ་རྒྱ་བྷི་ཊར་ཝིན་ཊར་ (Bitter Winter) ནང་། རྒྱ་ནག་དབུས་ཆོས་དོན་རྟོག་ཞིབ་ཚན་པ་ཞིག་ཧྲན་ཏུང་ཞིང་ཆེན་ (Shandong) གྱི་ཁོངས་སུ་རྟོག་ཞིབ་ཆེད་མ་བསྐྱོད་གོང་དུ། ས་གནས་ཀྱི་དམར་ཕྱོགས་མགོ་འཁྲིད་ཚོས་ནང་བསྟན་གྱི་སྐུ་བརྙན་ལ་སྒྲིབ་ཡོལ་བཀབས་པ་དང་གཏོར་བཤིག་བཏང་བ། དེ་བཞིན་ཆོས་ཕྱོགས་ཀྱི་བྱེད་སྒོར་སྔར་ལས་དམ་དྲག་བྱེད་བཞིན་ཡོད་པ་བཀོད་འདུག་པ་མ་ཟད། ཞིང་ཆེན་དེའི་ནང་དུ་ཡོད་པའི་ཧྲི་ཡས་ལྷ་ཁང་ (Shiyu Temple) དང་། ཡན་ཐུང་ལྷ་ཁང་ (Yuantong Temple)། ཧྲིན་ཆན་ལྷ་ཁང་(Shengquan Temple)སོགས་ཀྱི་སྐུ་བརྙན་དང་ལྷ་ཁང་གཏོར་དགོས་པའི་བཀའ་རྒྱ་བཏང་ཡོད་པ་དང་། བཀའ་རྒྱར་མ་ཉན་ན་འཛིན་བཟུང་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་པ་སོགས་བཀོད་འདུག་ལ། ཧྲན་ཏུང་ཀྲང་ཆུའེ་ཡི་ཡུལ་མི་ཞིག་གིས་གསར་འགོད་པར།  ཞི་ཅིན་ཕིན་གྱིས་མའོ་ཙེ་ཏུང་གི་ལམ་ཁར་སྙེག་གི་ཡོད་པ་དང་། རིག་གནས་གསར་བརྗེ་སྐབས་སུ་ལྷ་ཁང་དང་སྐུ་བརྙན་གཏོར་བ་བཞིན་གཏོར་གྱི་ཡོད་པ་རེད། ཅེས་བརྗོད་འདུགརྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྐོར་གྱི་དྲ་རྒྱ་དེའི་ཐོག འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢ ཉིན། རྒྱ་ནག་ཧུའུ་པའེ་ཞིང་ཆེན་ (Hebei) ནང་གི་མཐོ་ཚད་ལ་སྨི་ ༥༨ ཙམ་ཡོད་པའི་སྤྱན་རས་གཟིགས་ཀྱི་བྲག་སྐུ་ཞིག་ལ་འབར་རྫས་བཞག་སྟེ་རྩ་གཏོར་བཏང་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༩ པའི་ནང་། རྒྱ་ནག་གི་བྱང་ཤར་ཁུལ་དུ་ཡོད་པའི་ལོ་ལིན་ཞིང་ཆེན་ (Liaoning) སྲིད་གཞུང་གིས་བཀའ་རྒྱ་བསྒྲགས་ཏེ། ལོ་ལིན་ཀྲོང་ཧི་ (Zhunghe) རྫོང་ཁོངས་སུ་ཡོད་པའི་ལོ་ངོ་ ༡༠༠༠ མ་ཟིན་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། རིག་དངོས་སྲུང་སྐྱོབ་ཀྱི་ཁོངས་སུ་ཚུད་པའི་སངས་རྒྱས་སྟོང་སྐུའི་བྲག་ཕུག་གི་ཕྱི་ལོགས་སུ་ཡོད་པའི་སྐུ་བརྙན་རྣམས་མཐོ་དྲགས་པ་དང་། ས་སྟོང་དུ་བཞེངས་ཡོད་པ་སོགས་འཛུགས་སྐྲུན་གྱི་སྒྲིག་ཁྲིམས་དང་འགལ་ཡོད་སྐོར་བརྗོད་དེ། མཐོ་ཚད་སྨི་ ༡༠ ཡན་ཆད་ཀྱི་སྐུ་བརྙན་རྣམས་གཏོར་བ་མ་ཟད། ནང་བསྟན་ཆོས་ལུགས་ཀྱི་ནང་དོན་ཡོད་པའི་མཚོན་རྟགས་རྣམས་ཀྱང་མེད་པ་བཟོས་ཏེ། ཆོས་དར་གྱི་ཚབ་ལ་རྒྱ་ནག་གི་རྒྱལ་དར་བཤམ་དགོས་སྐོར་བཀའ་བཏང་ཡོད་སྟབས། བྲག་ཕུག་ནང་ལོགས་ཀྱི་སྐུ་བརྙན་རྣམས་རས་དམར་པོ་ཞིག་གིས་བཏུམས་པ་དང་། བྲག་ཕུག་ཕྱི་ལོགས་ཀྱི་སྐུ་བརྙན་མང་པོ་ཞིག་གཏོར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༦/༢༥

Leave a Reply

One thought on “རྒྱ་ནག་གིས་ཆོས་དད་རང་དབང་ལ་སྔར་ལས་བཙན་གནོན་བྱེད་ཀྱི་ཡོད་པའི་སྙན་ཐོ་བཏོན།

  1. གང་ལྟར་དུས་ནས་དུས་སུ་རྒྱ་གཞུང་གིས་བོད་ཙམ་མ་ཡིན་པར་རྒྱལ་གཅེས་ཆོས་ལུགས་ཐོག་དམ་དྲག་དང་བཙན་གནོན་བྱེད་དང་བྱེད་མོས་རེད། སྔ་ཕྱི་ཙམ་མ་གཏོང་ཨ་རི་ཡིན་ན་ཡང་རྒྱ་ནག་གིས་དབང་འོག་ཏུ་འགྲོ་དགོས་པ་སྲིད་ཞིག་བཟོ་རྒྱུ་རེད། ད་དུང་ངེས་པར་ཨ་རི་གཙོ་བྱས་རྒྱལ་ཁབ་ཚང་མ་མཉམ་འབྲེལ་ཐོག་རྒྱ་ནག་དམར་གཞུང་ལ་འགྱུར་བ་གཏོང་ཐུབ་བྱེད་དགོས་པ་གལ་ཆེན་རེད་དེ་མ་བྱུང་བར། རྒྱ་ནག་གིས་བོད་དང་སོག་པོ་ཤིས་འཇང་རྣམས་གཅིག་མཚུངས་རྒྱལ་ཁབ་ཚང་མ་ལ་ཆོས་ཏོ་བྱེད་ངེས་རེད།