ཨ་རྒྱ་གཉིས་ཀྱིས་ཡང་བསྐྱར་གྲོས་མོལ་བྱ་རྒྱུ་ཡིན་ཟེར།

ཨ་རྒྱའི་ཚོང་དམག་ཐད་ཕན་ཚུན་གྲོས་མོལ་བརྒྱུད་མོས་མཐུན་བྱུང་སྲིད་ཀྱང་འཕྲུལ་རིགས་འགྲན་རྩོད་ཀྱི་འཐབ་འཁྲུག་མུ་མཐུད་འགྲོ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་དང་ཨ་རིའི་ཚོང་འབྲེལ་མི་སྣ་ཕན་ཚུན་དབར་ཁ་པར་བརྒྱུད། འཚོག་ལ་ཉེ་བའི་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྟེང་ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་ཞི་ཅིན་ཕིན་གཉིས་ཐུག་འཕྲད་ཀྱིས། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་གི་དཀའ་རྙོག་སེལ་བར་སླར་ཡང་གྲོས་མོལ་བྱ་རྒྱུ་ཡིན་པ་གཏན་འཁེལ་བྱས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་ཤི་ཧཱ་གསར་ཁང་གི་གནས་ཚུལ་ནང་། ཨ་རིའི་རེ་བ་ལྟར་རྒྱ་ནག་གི་སྲིད་བློན་གཞོན་པ་ལོའི་ཧེ(Liu He)ཡིས་ཨ་རིའི་ཚོང་འབྲེལ་སྐུ་ཚབ་རོ་བྷར་ཊི་ལི་ཐི་ཛར་(Robert Lighthizer)ལགས་དང་ནོར་དོན་དྲུང་ཡིག་སི་ཊི་ཝན་མན་ཆིན་(Steven Mnuchin)ལགས་གཉིས་སུ་ཁ་པར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མགོ་འཁྲིད་ཀྱི་ལམ་སྟོན་འོག ཕྱོགས་གཉིས་བར་དཔལ་འབྱོར་དང་ཚོང་འབྲེལ་གྱི་གནད་དོན་ཐད་བསམ་ཚུལ་བརྗེ་རེས་བྱས་ཏེ། མུ་མཐུད་གྲོས་མོལ་བྱ་རྒྱུ་བྱས་ཡོད་སྐོར་བརྗོད་འདུག

ཐེངས་འདིའི་གྲོས་མོལ་དེ་ཉེ་སྔོན་ཕྱི་ཟླ་ ༥ པའི་ནང་ཨ་རྒྱ་གཉིས་བར་ཚོང་འབྲེལ་གྲོས་མཐུན་མ་བྱུང་བར་ཚོང་ཟོག་ཐོག་དཔྱ་ཁྲལ་སྤར་རེས་ཀྱིས། ཨ་རྒྱ་གཉིས་ཙམ་མ་ཟད་འཛམ་གླིང་གི་དཔལ་འབྱོར་འཁོར་སྐྱོད་ལའང་གནོད་སྐྱོན་ཐེབས་སྲིད་ཀྱི་ཡོད་སྟབས། ཆེད་མཁས་པ་མང་པོ་ཞིག་གིས་ཨ་རྒྱ་གཉིས་ནས་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ཐོག་གྲོས་མོལ་བྱེད་སྲིད་པའི་ཚོད་དཔག་བྱས་པ་ལྟར་བྱུང་བ་ཞིག་ཡིན་འདུག

ཡིན་ན་ཡང་། རྒྱ་ནག་ཕྱོགས་ནས་ཐེངས་འདིའི་གྲོས་མོལ་འདི་ཨ་རིའི་རེ་སྐུལ་འོག་བྱུང་བ་ཞིག་ཡིན་སྐོར་བརྗོད་ཡོད་པ་དང་། ཨ་རིའི་འབྲེལ་ཡོད་ལས་བྱེད་ཅིག་གིས། གྲོས་མོལ་གྱི་དམིགས་ཡུལ་ནི་སྔར་བཞིན་ཨ་རིའི་དཔལ་འབྱོར་འཕེལ་རྒྱས་དང་ངལ་སྩོལ་མི་མང་སོགས་ལ་འདྲ་མཉམ་གྱི་ཁོར་ཡུག་བསྐྲུན་རྒྱུ་དང་། དམིགས་བསལ་ཚོང་ཟོག་གི་བདག་དབང་སྲུང་སྐྱོབ་ཆེད་འགྱུར་བ་གཏོང་དགོས་པའི་ཆ་རྐྱེན་ཁག་ངེས་པར་དུ་བསྐྲུན་དགོས་ཀྱི་ཡོད། ཅེས་བརྗོད་ཡོད་པ་རེད།

ཉམས་ཞིབ་པ་ཚོས། ད་རེས་གྲོས་མོལ་སྐབས་ཨ་རྒྱ་གཉིས་བར་འགྲིག་མཐུན་ཡོང་བ་ཡིན་ནའང་། འཕྲུལ་རིགས་ཀྱི་འགྲན་རྩོད་ཐོག་མུ་མཐུད་ཁ་གཏད་ཆགས་ངེས་རེད། ཅེས་བརྗོད་ཡོད་པ་དང་། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཨ་རིས་ཧ་ཝེ་དང་འབྲེལ་བའི་རྒྱ་ནག་གི་གློག་ཀླད་བཟོ་ཚོང་ཁང་ ༥ བཀག་སྡོམ་བྱས་ཡོད་པ་དང་། རོའོ་ཊར་གསར་ཁང་གི་གནས་ཚུལ་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཕྱི་ཚེས་ ༢༧ ཉིན་ཉི་ཧོང་དུ་འགྲོ་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༨ ཉིན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་གྱི་ཟུར་ཞིག་ནས་ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་དང་ཐུག་འཕྲད་བྱེད་རྩིས་བྱས་ཡོད་སྐོར་བརྗོད་འདུག

ཉི་ཧོང་ནང་འཚོག་ལ་ཉེ་བའི་རྒྱལ་ཁབ་ ༢༠ ཚོགས་ཆེན་ཐོག་གི་ཨ་རྒྱ་གཉིས་བར་ཚོང་འབྲེལ་གྲོས་མོལ་དེ་གྲོས་མོལ་ཐེངས་ ༡༢ པ་དེ་ཆགས་ཀྱི་ཡོད་པ་དང་། ཨ་རྒྱ་གཉིས་ནས་ད་སྔ་བར་ཚོང་དོན་དང་འབྲེལ་བའི་དཀའ་རྙོག་རྩད་དེ་ལོ་ ༡ དང་ཟླ་ ༥ འགྲོ་ཡི་ཡོད་པ་རེད་ལ། དེའི་རིང་ཕྱོགས་གཉིས་ནས་ཕན་ཚུན་གྱི་དངོས་ཟོག་ཐོག་ཨ་སྒོར་ཐེར་འབུམ་མང་པོས་དཔྱ་ཁྲལ་སྤར་སྣོན་བྱེད་རེས་བྱས་ཡོད་པ་མ་ཟད། ཨ་རིའི་གཞུང་གིས་རྒྱ་ནག་གི་དངོས་ཟོག་ཐོག་ཨ་སྒོར་ཐེར་འབུམ་ ༣༠༠ ཙམ་གྱི་དཔྱ་ཁྲལ་སྤར་བར་ཞིབ་བཤེར་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༦/༢༥

Leave a Reply