ལོ་ངོ་དྲུག་ཅུའི་མནར་གཅོད་ཀྱི་ལོ་རྒྱུས་ལ་རྗེས་དྲན་བྱས།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཆབ་སྲིད་བཙོན་ཟུར་ཚོ་རིགས་གཉིས་སུ་ཕྱེས་ཏེ་མི་ ༨ ལ་ཟླ་རེར་ཧིན་སྒོར་ ༣༥༠༠ དང་མི་ ༦ ལ་ཟླ་རེར་ཧིན་སྒོར་ ༦༠༠༠ རེ་འཚོ་སྣོན་དུ་གནང་གི་ཡོད་འདུག དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་མཉམ་འབྲེལ་ཐོག རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ནས་ལོ་ངོ་ ༦༠ འཁོར་བར་ཚབ་མཚོན་ལྡན་པའི་སྦྱར་བྱང་དྲུག་བཅུའི་སྟེང་། རྒྱ་ནག་གིས་བོད་ནང་མནར་གཅོད་བཏང་དང་གཏོང་བཞིན་པའི་པར་རིས་འགྲེམས་སྟོན་དང་། པར་རིས་ལ་བལྟས་པའི་མྱོང་ཚོར་རི་མོར་བྲིས་ཏེ་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་ཐེངས་ ༢༡ པ་སྲུང་གཙི་གནང་སོང་།

གསར་འགོད་པས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཟླ་བ་བཀྲ་ཤིས་ལགས་སུ་ལས་འགུལ་གྱི་དགོས་དམིགས་སྐོར་ལ་སྐད་ཆ་དྲིས་པར་ཁོང་གིས། དེ་རིང་འདིར་ང་ཚོས་པར་རིས་འགྲེམས་སྟོན་དང་རི་མོ་འགྲན་བསྡུར་བཅས་ལས་འགུལ་རིམ་པ་གཉིས་སྤེལ་གྱི་ཡོད། ལས་འགུལ་འདི་སྤེལ་དགོས་དོན་གཙོ་བོ་ནི། རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་གཙི་ཞུ་ཡི་ཡོད། པར་རིས་འགྲེམས་སྟོན་བྱེད་དགོས་དོན་ནི་འདས་པའི་ལོ་ངོ་དྲུག་ཅུའི་རིང་། བོད་ནང་བཙན་གནོན་དང་གདུག་སྦྱོང་། དེ་བཞིན་མནར་གཅོད་སོགས་ཀྱི་ལོ་རྒྱུས་མཚོན་སླད་ཡིན་ལ། སློབ་མ་ཚོར་ཆ་མཚོན་ན་ཐོག་མར་མནར་གཅོད་ཀྱི་ལོ་རྒྱུས་འདི་ངོ་སྤྲོད་བྱ་རྒྱུ་དང་དེ་ནས་མནར་གཅོད་ཀྱི་ལོ་རྒྱུས་འདི་ལ་བལྟས་པའི་རང་ཉིད་ཀྱི་མྱོང་ཚོར་རི་མོ་ལམ་ནས་སྟོན་རྒྱུ་དེ་ཡིན། ཞེས་བརྗོད་བྱུང་།   ཟླ་བ་བཀྲ་ཤིས་ལགས་ཀྱིས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ལོ་ལྟར་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་གཙི་བྱེད་བཞིན་ཡོད་པ་ལྟར། དམིགས་བསལ་ལས་འགུལ་འདི་སློབ་གྲྭ་ཁག་ཏུ་སྤེལ་དགོས་དོན་གཙོ་བོ་ནི་སློབ་ཕྲུག་ཚོ་མ་འོངས་བོད་ཀྱི་གསོན་རྩ་ཡིན་པ་དང་། བོད་ཀྱི་མ་འོངས་པ་གནས་དང་མ་གནས་དེ་མ་འོངས་པའི་གསོན་རྩ་ཚོར་ཐུག་ཡོད་དུས། འདས་པའི་ལོ་རྒྱུས་ཀྱི་མནར་གཅོད་དག་མི་རབས་གསར་པ་ཚོར་ངོ་སྤྲོད་བྱ་རྒྱུ་གལ་ཆེན་ཆགས་ཡོད་ལུགས་བརྗོད་བྱུང་།

ད་ལན་གྱི་འགྲེམས་སྟོན་ཐོག་པར་རིས་གཉིས་བརྒྱ་ལྷག་སྦྱར་བྱང་༦༠ སྟེང་སྦྱར་ཏེ། འདས་པའི་ལོ་ངོ་དྲུག་ཅུའི་རིང་གི་མནར་གཅོད་ཀྱི་ལོ་རྒྱུས་མཚོན་ཐབས་དང་རྗེས་དྲན། ལོ་ངོ་དྲུག་ཅུའི་རིང་བོད་མི་ཚོས་རྒྱ་ནག་གི་མནར་གཅོད་ལ་གདོང་ལེན་ཇི་ལྟར་བྱས་མིན་དང་། ལོ་ངོ་དྲུག་ཅུའི་གོང་དུ་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་མཚོན་པ་སོགས་ཀྱི་པར་རིས་འགྲེམས་སྟོན་བྱས་འདུག

གསར་འགོད་པས་འཕྲོད་བསྟེན་ལས་ཁུངས་ཀྱི་ཆབ་སྲིད་བཙོན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་དབང་གྲགས་ལགས་སུ་ལས་འགུལ་འདིའི་སྐོར་ལ་སྐད་ཆ་དྲིས་པར་ཁོང་གིས། དེ་རིང་ང་ཚོ་དབུས་ནས་ལས་འགུལ་སྤེལ་བཞིན་པ་འདི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ལྷན་དུ་པར་རིས་འགྲེམས་སྟོན་དང་རི་མོ་འགྲན་སྡུར་གྱི་ལས་འགུལ་སྤེལ་གྱི་ཡོད་རེད། གཞན་དེ་རིང་འཕྲོད་བསྟེན་ལས་ཁུངས་ངོས་ནས་འཛམ་གླིང་མྱོས་རྫས་ཉིན་མོ་དང་འཛམ་གླིང་མནར་གཅོད་ཉིན་མོ་གཉིས་དུས་གཅིག་ཏུ་འཁེལ་ཡོད་སྟབས། འཛིན་རིམ་བཅུ་གཉིས་ཅན་གྱི་སློབ་གྲྭ་ཁག་ ༦ ལ་བཀོད་ཁྱབ་བཏང་སྟེ། རི་མོ་འགྲན་སྡུར་དང་གཏམ་བརྗོད། གཏམ་བཤད་སོགས་སློབ་གྲྭའི་གནས་བབ་ལ་དཔག་པའི་གང་ཐུབ་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད། ཅེས་བརྗོད་བྱུང་། གསར་འགོད་པས་བཙན་བྱོལ་ནང་ཡོད་པའི་བོད་ནང་མནར་གཅོད་མྱངས་བའི་བོད་མི་ཚོར་འཕྲོད་བསྟེན་ལས་ཁུངས་ངོས་ནས་གཟིགས་རྟོག་ག་རེ་གནང་གི་ཡོད་མེད་དྲིས་པར་བསྟན་འཛིན་དབང་གྲགས་ལགས་ཀྱིས། སྤྱིར་བཏང་འཕྲོད་བསྟེན་ལས་ཁུངས་ཀྱིས་ཆབ་བཙོན་གྱི་རིགས་ལ་ལས་གཞི་གཉིས་སྤེལ་བསྡད་ཡོད། དང་པོ་ཆབ་སྲིད་འབྲེལ་ཆགས་དང་འབྲེལ་ཡོད་སུ་ཡིན་རུང་འཚོ་སྣོན་གྱི་རོགས་སྐྱོར་གནང་གི་ཡོད། དེ་ལ་དབྱེ་ན་གཉིས་ཡོད། སྡོད་གནས་ཡོད་མཁན་ཚོར་ཟླ་རེར་ཧིན་སྒོར་ ༣༥༠༠ རེ་དང་སྡོད་གནས་མེད་མཁན་ཚོར་ཟླ་རེར་ཧིན་སྒོར་ ༦༠༠༠ འབུལ་གྱི་ཡོད། འཚོ་སྣོན་དེ་ལོ་ ༣ རིང་འབུལ་གྱི་ཡོད་ལ། གལ་སྲིད་མི་ཞིག་ལ་མུ་མཐུད་འཚོ་སྣོན་དེ་དགོས་ཀྱི་ཡོད་ཚེ་བདེ་སྲུང་ལས་ཁུངས་ནས་བཀའ་འཁྲོལ་རྒྱབ་གཉེར་ཞུ་དགོས་ཀྱི་ཡོད། ལས་གཞི་གཉིས་པ་དེ་འཕྲོད་བསྟེན་ལས་ཁུངས་ནས་ཆབ་སྲིད་བཙོན་པ་དང་འབྲེལ་ཡོད། འབྲེལ་ཆགས་ཚང་མར་སྨན་གྲོན་ཞིག་སྤྲོད་ཀྱི་ཡོད། སྨན་གྲོན་དེ་བདེ་ལེགས་སྨན་ཁང་དང་སྨན་རྩིས་ཁང་དུ་ཕེབས་པ་ཡིན་ན་སྨན་གྲོན་བརྒྱ་ཆ་བརྒྱ་འབུལ་གྱི་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པས་སྨན་གྲོན་དང་འཚོ་སྣོན་སྤྲོད་ཀྱི་ཡོད་པའི་མི་ག་ཚོད་ཅིག་ཡོད་དྲིས་པར་ཁོང་གིས། སྨན་གྲོན་འོག་མི་ ༦༠ ནས་ ༧༠ བར་ཡོད།  འཚོ་སྣོན་ཐོག་ཆ་བཞག་ན་ཧིན་སྒོར་ ༣༥༠༠ འབུལ་ས་མི་ ༨ དང་ཧིན་སྒོར་ ༦༠༠༠ འབུལ་དགོས་སའི་མི་ ༦ བཅས་ཁྱོན་མི་ ༡༤ ལ་གཟིགས་སྐྱོང་གནང་གི་ཡོད་སྐོར་བརྗོད་བྱུང་།དེ་རིང་ནི་རྒྱལ་སྤྱིའི་མྱོས་རྫས་ཉིན་མོའང(World drug day)་ཡིན་པས་ལོ་འཆར་ཅན་ལྟར་སྔ་དྲོའི་ཆུ་ཚོད་ ༡༠ ཐོག ཀུན་ཕན་ཚོགས་པའི་གོ་སྒྲིག་འོག བཞུགས་སྒར་དྷ་སའི་མེག་གྷན་ཁྲོམ་གཞུང་དུ་ཡོངས་གླིང་སློབ་གྲྭ་དང་རྒྱ་གར་ཡུལ་མིའི་སློབ་ཕྲུག དེ་བཞིན་རྒྱ་གར་ཡུལ་མི་དང་བོད་མི་སོགས་ཁྱོན་མི་གྲངས་ ༥༠ ཙམ་ཀྱིས། རྒྱལ་སྤྱིའི་མྱོས་རྫས་ཉིན་མོ་སྲུང་གཙི་བྱས་ཏེ། མྱོས་རྫས་ངན་གོམས་མཚམས་འཇོག་དགོས་པའི་ཁྲོམ་སྐོར་གནང་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ་དང་ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༦/༢༦

Leave a Reply

2 thoughts on “ལོ་ངོ་དྲུག་ཅུའི་མནར་གཅོད་ཀྱི་ལོ་རྒྱུས་ལ་རྗེས་དྲན་བྱས།

  1. མི་རིགས་ཤིག་གིས་རྩ་དོན་འདི་མི་རིགས་སུ་ཞིག་ཡིན་རུང་མི་རིགས་དེའི་ཁུངས་སུ་སྐྱེས་ཙམ་ནས་ཡོད་པ་ཤེས་དགོས་པ་ཞིག་རེད་ལ་ཤེས་ངེས་ཡང་རེད། འོན་ཏང་བོད་ཀྱི་ཆབ་སྲིད་བཙོན་པ་འདི་དག་གིས་མི་རིགས་འདིའི་འདས་མ་ད་གསུམ་ཆེད་དུས་རྟག་ཏུ་དཀའ་ལས་རྒྱབ་བཞིན་པ་མཐོང་ཐེངས་རེ་རེ་ལ་ངོ་མ་སེམས་འགུལ་ཐེབ་པ་ཞིག་རེད། མ་འོངས་པར་ད་དུང་མུ་མཐུད་འབད་བརྩོན་གནང་རོགས་༸གོང་ས་མཆོག་གིས་དུས་རྟག་ཏུ་བོད་དོན་བདེན་པའི་མཐའ་གསལ་རྒྱུ་ཡོད་གསུང་བ་མ་བརྗེད་རོགས་ཞུ། འོན་ཀྱང་ཆབ་སྲིད་བཙོན་པའི་མིང་ཁུར་ནས་ཡོད་དུས་ངེས་པར་བོད་མིའི་སྒྲིག་འཛུགས་ཀྱི་རོགས་རམ་གནང་འོས་པ་རེད་ལ་གནང་དགོས་པ་རེད།

  2. ༄།སྤྱི་བོད་ཀྱི་ཆབ་སྲིད་བཙན་ཟུར་རྣམ་པ་ནི་བོད་ཀྱི་བདེན་པའི་འཐབ་བརྩོད་ཆེད་དུ་བློས་གཏོང་བའི་མི་རིགས་ཀྱི་འཐབ་བརྩོད་པ་ཞིག་ཡིན་པའི་ཆ་ནས་བོད་མའི་སྒྲིག་འཛུགས་ནས་གང་ཐུབ་ཀྱི་མཐུན་འགྱུར་དང་རོགས་རམ་གནང་བ་བཀའ་དྲིན་ཆེ།འོན་ཀྱང་ཆབ་སྲིད་བཙན་པའི་མིང་ཁུར་མཁན་ནང་ལ་བཀྲིས་སྣ་ནག་མ་རེ་ཟུང་ཡོང་བཞིན་ཡོད་པས་འབྲེལ་ཡོད་ཚང་མས་ངེས་པར་དུ་དོག་ཟོན་དགོས་ཀྱི་འདུག་གོ