ཧོང་ཀོང་གི་དམངས་གཙོ་དོན་གཉེར་བར་རྒྱལ་འཚོང་བ་ཞེས་ངན་དམོད་བྱས།

ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༢ འཁོར་བའི་གཞུང་འབྲེལ་མཛད་སྒོ་དང་བསྟུན་ལྕམ་ཁེ་རི་ལེམ་ལགས་ཀྱིས་མ་འོངས་པར་མི་མང་གི་མངོན་འདོད་ལ་ཐག་ཉེ་རུ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུགཧོང་ཀོང་རང་དབང་གསར་ཤོག་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་དབྱིན་གཞུང་གིས་ཧོང་ཀོང་རྒྱ་ནག་སྐམ་ས་ཆེན་མོར་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༢ འཁོར་བའི་དུས་དྲན་དང་བསྟུན། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་བརྒྱ་ཕྲག་མང་པོས་ཧོང་ཀོང་གི་སྲིད་གཞུང་ལྟེ་བའི་གཞུང་ལམ་སྟེང་རྔམ་སྟོན་ཁྲོམ་སྐོར་གྱི་ངོ་རྒོལ་ལས་འགུལ་སྤེལ་སྐབས་ཕྱོགས་གཉིས་བར་འཁྲུག་འཛིང་བྱུང་སྟེ། མི་ཁག་ཅིག་ལ་རྨས་སྐྱོན་བཟོས་པ་སོགས་རྙོག་ཟིང་ཆེན་པོ་བྱུང་བར་བརྟེན། འདི་ལོའི་རྒྱལ་དར་སྒྲེང་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་(Flag Raising Ceremony)དེ་དུས་རྒྱུན་དང་མི་འདྲ་བར་ཚོགས་ཁང་ཞིག་གི་ནང་ལོགས་སུ་ཚོགས་དགོས་བྱུང་ཡོད་འདུག་ལ། ཧོང་ཀོང་གཞུང་གིས་དེ་རིང་གནམ་གཤིས་ལེགས་པོ་མེད་པའི་རྐྱེན་གྱིས་དེ་ལྟར་ཚོགས་དགོས་བྱུང་སྐོར་གྱི་གསལ་བཤད་བྱས་འདུག

གཞུང་འབྲེལ་མཛད་སྒོ་དེའི་ཐོག་ཧོང་ཀོང་གི་སྲིད་འཛིན་ལྕམ་ཁེ་རི་ལེམ་ལགས་ཀྱིས། ཉེ་ཆར་གྱི་ངོ་རྒོལ་ལས་འགུལ་དང་འབྲེལ། ད་ལན་གྱི་གནས་ཚུལ་དེ་དག་ནས་བསླབ་བྱ་བླངས་ཏེ། འབྱུང་འགྱུར་ཧོང་ཀོང་གཞུང་གི་ལས་དོན་རྣམས་མང་ཚོགས་ཀྱི་མངོན་འདོད་དང་སེམས་ཚོར། བསམ་ཚུལ་བཅས་དང་ཁ་ཐག་ཉེ་རུ་གཏོང་ཐབས་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་འདུག

ཧོང་ཀོང་གཞུང་ངོས་ནས་ཚོགས་ཁང་ནང་དར་ཆ་སྒྲེང་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་ཚོགས་པ་དང་བསྟུན། ལས་འགུལ་བ་རྣམས་ཀྱིས་ཧོང་ཀོང་ཁྲིམས་བཟོ་ལྷན་ཁང་གི་མདུན་ཐང་དུ་ཧོང་ཀོང་གི་དར་ཆ་དང་མཉམ་དུ། རྒྱ་ནག་གི་རྒྱལ་དར་ཚབ་ཏུ་ཧོང་ཀོང་གི་རང་དབང་ཉམས་དམས་སུ་འགྲོ་བཞིན་ཡོད་པའི་མཚོན་དོན་ཅན་གྱི་ཧོང་ཀོང་གི་དར་ཆ་ནག་པོ་ཞིག་སྒྲེང་འཛུགས་བྱས་ཡོད་འདུགགསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་ས་གནས་དེའི་ཞོགས་པའི་ཆུ་ཚོད་ ༤ ཙམ་ནས་ལས་འགུལ་བ་རྣམས་ཀྱིས་ཧོང་ཀོང་གཞུང་གི་ལས་ཁུངས་ལྟེ་བའི་ཉེ་འགྲམ་གྱི་གཞུང་ལམ་སྟེང་ལ་ལྕགས་རས་བསྐོར་ཏེ། དར་ཆ་སྒྲེང་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་མ་འཚོག་སྔོན་དེར་ལས་འགུལ་བ་མི་ཉུང་བ་ཞིག་གིས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་བསྡུ་བྱེད་དགོས་པའི་འབོད་སྒྲའི་འོག་ཉེན་རྟོག་པའི་མདུན་ལ་མཆོངས་བར་བརྟེན། ཉེན་རྟོག་པས་དབྱུག་པས་གཞུས་པ་དང་། དུག་རླངས་གཏོར་བ་སོགས་ལས་འགུལ་བར་བཙན་གནོན་བྱས་པའི་རྐྱེན་གྱིས་ཕྱོགས་གཉིས་བར་འཁྲུག་འཛིང་ཤོར་ཏེ། ལས་འགུལ་བ་ཁག་ཅིག་དང་ཉེན་རྟོན་པ་ ༡༣ ཙམ་ལ་རྨས་སྐྱོན་ཕོག་ནས་སྨན་ཁང་ལ་འགྲོ་དགོས་བྱུང་ཡོད་འདུག་ལ། ཉིན་རྒྱབ་ཙམ་ནས་ལས་འགུལ་བ་རྣམས་ཀྱིས་ཧོང་ཀོང་ཁྲིམས་བཟོ་ལྷན་ཁང་གི་སྒོ་སོགས་བཅག་ཡོད་པ་མ་ཟད། ཉེན་རྟོག་རུ་ཁག་གིས་རྩུབ་སྤྱོད་སྤེལ་ཚེ་ང་ཚོས་དྲག་པོའི་ཐབས་ལམ་སྤྱོད་རྒྱུ་ཡིན་ཞེས་འཁོད་པའི་དར་ཆ་དམར་པོ་འཕྱར་ཏེ་ངོ་རྒོལ་བྱས་ཡོད་པ་རེད།

ཡང་ཁ་སང་ཕྱི་ཚེས་ ༣༠ ཉིན་མི་མང་སྟོང་ཕྲག་འགའ་ཤས་ཤིག་གིས་ཧོང་ཀོང་གི་ཉེན་རྟོག་པར་རྒྱབ་སྐྱོར་གྱི་ཚུལ་དུ་གཞུང་ལམ་ཐོག་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་དང་། ཁོ་ཚོའི་ལག་ཏུ་ཉེན་རྟོག་པར་ང་ཚོས་ཁྱེད་ཅག་ལ་རྒྱབ་སྐྱོར་ཡོད། ཅེས་པའི་སྦྱར་ཡིག་དང་། རྒྱ་ནག་གི་རྒྱལ་དར་འཕྱར་ཡོད་པ་མ་ཟད། ལས་འགུལ་བ་རྣམས་ཀྱིས་གཞུང་གི་ལས་ཁུངས་དང་ལམ་ཟུར་གྱི་རྩིག་གྱང་ངོས་སུ་སྦྱར་བའི་སྦྱར་ཡིག་རྣམས་བཀོག་པ་དང་། གསར་འགོད་པ་རྣམས་ལ་ཡང་མཆིལ་མ་གཡུགས་པ་དང་ཆུ་གཏོར་བ། རྡོག་ཐོ་གཞུས་པ། རྒྱལ་འཚོང་བ་ཞེས་ངན་དམོད་སོགས་བྱས་ཡོད་འདུགཉེ་ཆར་ཧོང་ཀོང་རང་དབང་གསར་ཤོག་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༤ ལོའི་ཆར་གདུགས་གསར་བརྗེའི་སྐབས་ལས་འགུལ་སྣེ་འཁྲིད་པ་དང་ཁྲིམས་རྩོད་པ་སོགས་ལ་ཟིང་འཁྲུག་བསླངས་བའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཆད་ཕོག་ཡོད་སྟབས། འདི་ལོའི་ལས་འགུལ་ནང་སྣེ་འཁྲིད་མཁན་མངོན་གསལ་དུ་མེད་ཀྱང་། ལས་འགུལ་བ་རྣམས་ཀྱིས་འཕྲིན་འབྲེལ་མཉེན་ཆས་ཊེ་ལེ་གྷ་རམ་(Telegram) སོགས་བརྒྱུད་ཕན་ཚུན་ལ་བརྡ་ལན་སྤྲད་པ་སོགས་བྱེད་བཞིན་ཡོད་པ་མ་ཟད། ལས་འགུལ་འགྲོ་བཞིན་པའི་སྐབས་ཐག་གཅོད་བྱེད་དགོས་ཚེ་ཚོགས་མི་ ༧༠༠༠ ལྷག་ཡོད་པའི་འཕྲིན་འབྲེལ་ཚོགས་པ་ནང་འོས་བསྡུ་བརྒྱུད་ནས་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན་མིན་སོགས་ཐག་གཅོད་བྱེད་ཀྱི་ཡོད་འདུག

ཉིན་ཤས་སྔོན་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀ་(Osaka) རུ་རྒྱལ་ཁབ་ ༢༠ ཡི་ཚོགས་ཆེན་བསྡུས་པ་དང་བསྟུན། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་རྣམས་ཀྱིས་རྒྱལ་ཁབ་ ༢༠ ཡི་མགོ་འཁྲིད་རྣམས་ཀྱིས་ཚོགས་ཆེན་ཐོག་ཧོང་ཀོང་གི་གནད་དོན་གླེང་སློང་དགོས་པ་མ་ཟད།  ཧོང་ཀོང་གཞུང་གིས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་རྩིས་མེད་གཏོང་བར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་། ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིིན་ཕིན་ལ་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གནས་བབ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་ལས། མགོ་འཁྲིད་གཞན་གྱིས་གླེང་སློང་བྱས་པའི་གནས་ཚུལ་ཐོན་མེད་པ་དང་། ཚོགས་ཆེན་དེ་འཚོགས་ལ་ཉེ་སྐབས། རྒྱ་ནག་གི་མགྲིན་ཚབ་པས་ཕྱིའི་རྒྱབ་ཁབ་རྣམས་ལ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་ལ། རྒྱལ་ཁབ་ ༢༠ ཡི་ཚོགས་ཆེན་ཐོག་ཧོང་ཀོང་གི་གནད་དོན་ཐད་གླེང་སློང་མི་བྱེད་པའི་ཉེན་བརྡ་བཏང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༧/༠༡

Leave a Reply