ཧོང་ཀོང་གནད་དོན་ཐད་རྒྱ་ནག་ལ་ཉེན་བརྡ་བཏང།

དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གཞུང་གིས་ཧོང་ཀོང་ཆིངས་ཡིག་ལ་བརྩི་འཇོག་མ་བྱས་ཚེ་ཉེས་ཆད་ནན་མོ་གཅོད་རྒྱུ་དང་མཇུག་འབྲས་ཚབས་ཆེན་ཡོང་རྒྱུ་ཡིན་སྐོར་བརྗོད་འདུག
དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཁ་སང་དབྱིན་ཡུལ་ཕྱི་སྲིད་བློན་ཆེན་རྗར་མཱ་ཧཱན་ཊི(Jeremy Hunt)ཡིས་རྒྱ་ནག་གཞུང་གིས་དབྱིན་ཇི་དང་མཉམ་དུ་བཞག་པའི་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་གྱི་གྲོས་ཆོད་དང་ཧོང་ཀོང་མི་མང་གི་ཐོབ་ཐང་བཅས་ལ་རྩིས་མེད་བཏང་ཚེ། རྒྱ་ནག་གཞུང་ལ་ཉེས་ཆད་ནན་མོ་གཅོད་རྒྱུ་ཡིན་པའི་ཉེན་བརྡ་དང་། ཧོང་ཀོང་གཞུང་འཛིན་སྲིད་དོན་ཚོགས་པས་ཉེན་རྟོག་པའི་དྲག་ཤུགས་བཀོལ་སྤྱོད་ཀྱིས་མི་མང་ལས་འགུལ་བའི་ཁྲོད་མིག་ཆུའི་དུག་རླངས་སོགས་གཡུགས་ཏེ། ལས་འགུལ་བ་རྣམས་ལ་དྲག་ཤུགས་བེད་སྤྱོད་བཏང་བའི་ཐད་སྐྱོན་བརྗོད་བྱས་འདུག

དབྱིན་ཡུལ་ཕྱི་སྲིད་བློན་ཆེན་གྱིས། ཕྱི་ལོ་ ༡༩༨༤ ལོར་དབྱིན་ཡུལ་གཞུང་གིས་རྒྱལ་སྤྱིའི་ངོས་འཛིན་འོག རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཆིངས་ཡིག་དེར་མཚན་རྟགས་བརྒྱབས་ཏེ། ཧོང་ཀོང་མི་མང་ལ་གཞི་རྩའི་རང་དབང་ཆ་ཚང་ཡོད་པ་དང་། ང་ཚོ་ཕྱོགས་བཞི་མཚམས་བརྒྱད་ནས་ཆིངས་ཡིག་དེ་དང་ཧོང་ཀོང་མི་མང་རྒྱབ་ཏུ་ལངས་རྒྱུ་ཡིན་ལ། རྒྱ་ནག་གིས་རྒྱལ་སྤྱི་རང་བཞིན་གྱི་ཁྲིམས་མཐུན་ཆིངས་ཡིག་དེར་བརྩི་འཇོག་མ་བྱས་ཚེ་མཇུག་འབྲས་ཚབས་ཆེན་ཡོང་གི་རེད། ཅེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ལོ་ངོ་ ༢༢ འཁོར་བའི་རྗེས་དྲན་གྱི་ཉིན་མོ་དང་བསྟུན། ཧོང་ཀོང་མི་མང་སྟོང་ཕྲག་མང་པོ་སྲང་ལམ་དུ་ཐོན་ཏེ་རྒྱ་ནག་མཉམ་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་དང་། ཧོང་ཀོང་གཞུང་གིས་ཁོ་ཚོའི་རེ་འདུན་ལ་རྩིས་མེད་དང་ཡ་ལན་གང་ཡང་མེད་པར་བརྟེན། ཧོང་ཀོང་གྲོས་ཚོགས་ནང་རྒྱུགས་ཏེ་གྲོས་ཚོགས་ཀྱི་གློག་ཀླད་དང་མདུན་ཅོག དེ་བཞིན་གྱང་ངོས་སུ་ཧོང་ཀོང་རྒྱ་ནག་མིན་དང་ཁྲིམས་འཆར་ཕྱིར་བསྡུ་བྱ་དགོས་སོགས་ཀྱི་འབོད་ཚིག་དང་། གྱང་ངོས་སུ་བཀལ་བའི་པར་རིས་སོགས་གཏོར་བཅོམ་བཏང་སྟེ་དབྱིན་ཡུལ་གྱི་དར་ཆ་གྲོས་ཚོགས་ཁང་ནས་འཕྱར་ཡོད་པ་རེད།

གནད་དོན་དེའི་ཐད། ཕྱི་ཚེས་ ༢ ཉིན་རྒྱ་ནག་གཞུང་གིས་ཧོང་ཀོང་མི་མང་གི་ལས་འགུལ་དེ་ནི་དྲག་སྤྱོད་དང་ཁྲིམས་འགལ་ཆགས་ཀྱི་ཡོད་པས། ཉེས་ཅན་པོ་གཏེ་བོ་དེ་ཚོ་སུ་ཡིན་གྱི་རྩད་གཅོད་བྱེད་དགོས་ཡོད། ཅེས་ཧོང་ཀོང་གཞུང་ལ་ཉེན་བརྡ་བཏང་ཡོད་པ་དང་། ཧོང་ཀོང་སྤྱི་ཁྱབ་ཀེ་རེ་ལམ་གྱིས། ཐེངས་འདིའི་ལས་འགུལ་ཁྲོད་ཁྲིམས་འགལ་གྱི་བྱ་སྤྱོད་གང་སྤེལ་ཐད་ཧོང་ཀོང་ཉེན་རྟོག་པས་རྗེས་འདེད་གཏོང་གི་ཡོད་སྐོར་སོགས་བརྗོད་ཡོད་འདུག

གཞན་ཡང་། ཁ་སང་ཧོང་ཀོང་མི་མང་གི་ལས་འགུལ་ཐད་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། ཧོང་ཀོང་མི་མང་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་དོན་ནི་ཧོང་ཀོང་མང་གཙོར་བསྒྱུར་འདོད་ཡོད་པ་རེད། ཅེས་བརྗོད་པ་དང་། དེ་མ་ཐག་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་གསར་འགོད་ལྷན་ཚོགས་ཤིག་བསྐོང་སྟེ་མགྲིན་ཚབ་པ་ཀོང་ཧྲན་(Geng Shuang)ཟེར་བས། ང་ཚོས་ཧོང་ཀོང་གི་བདེ་སྡུག་དང་རྒྱ་ནག་གི་ནང་སྲིད་ཐོག་དོན་མེད་ཐེ་གཏོགས་བྱེད་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། ཨ་རིས་འདི་ལྟ་བུའི་དྲག་སྤྱོད་དང་ཁྲིམས་འགལ་ནང་ཚུད་པའི་ལས་རིགས་ལ་རྒྱབ་སྐྱོར་བྱ་རྒྱུ་མེད། ཅེས་བརྗོད་འདུག

དབྱིན་ཡུལ་གཞུང་གིས་ཉེ་སྔོན་ནས་རྒྱ་ནག་གི་ཧོང་ཀོང་ནང་ཐེ་གཏོགས་དང་། ཧོང་ཀོང་སྲིད་གཞུང་གིས་མང་ཚོགས་ཐོག་དྲག་གནོན་གྱི་དམག་ཆས་བེད་སྤྱོད་གཏོང་ཐབས་བྱེད་བཞིན་ཡོད་པའི་ཐད་སྐྱོན་བརྗོད་རིམ་པ་བྱས་ཡོད་པ་དང་ཟླ་སྔོན་མ་ནས་བཟུང་ཧོང་ཀོང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན། མང་གཙོའི་དོན་གཉེར་བ་སོགས་མི་ས་ཡ་གཉིས་མ་ཟིན་ཙམ་གྱིས་ཧོང་ཀོང་ནང་གི་ཉེས་ཅན་པ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་འོག ཧོང་ཀོང་སྲིད་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད་ཀྱང་། ཧོང་ཀོང་སྤྱི་ཁྱབ་ཀེ་རེ་ལམ་གྱིས་ད་སྔ་བར་ཁྲིམས་འཆར་དེ་ཕྱིར་འཐེན་བྱས་མེད་པ་མ་ཟད། ད་དུང་གཞུང་ངོས་ནས་ཁྲིམས་འཆར་དེར་བཟང་ཕྱོགས་ཀྱི་དགོས་པ་རྒྱུ་མཚན་མང་པོ་བརྗོད་བཞིན་ཡོད་པ་རེད།

 གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༧/༠༣

Leave a Reply

One thought on “ཧོང་ཀོང་གནད་དོན་ཐད་རྒྱ་ནག་ལ་ཉེན་བརྡ་བཏང།

  1. ༄།སྲིད་དབང་སྒེར་བཅོད་རིས་ལུགས་པའི་དཔོན་ངན་དེ་རྣམས་ལ་ཁ་དམག་དང་ཁའི་ཉེས་བརྡ་བཏོང་བ་ཙམ་གྱིས་ཕན་ཐོག་ཅི་ཡང་མེད་།དབྱིན་གཞུང་གི་དུས་རྒྱུན་དུ་བོད་དང་ཐེན་ཝན་་་ཧོང་ཀང་སོགས་ལ་ཐུགས་དུས་རྒྱ་ནག་གཅིག་ཟེར་བ་མ་ཎི་གྲངས་བ་བཞིན་བཤད་བཞིན་ཡོད་།།རྒྱ་ནག་གཅིག་ཡིན་ན་རྒྱ་ནག་གི་ནང་སྲིད་ལ་ཐེག་ཇུས་བྱེད་ཀྱི་འདུག་ཟེན་ན་ཁའི་ཉེས་བརྡ་དེ་ཡང་བཏོང་མཚམས་བྱས་རྒྱུ་རེད་བས་།།