འདི་ལོ་བོད་ནང་ཆར་བ་འབབ་ཚད་ཆེས་ཉུང་ཤོས་རེད་ཟེར།

རྒྱ་ནག་གི་ས་ཁུལ་ཁག་ཅིག་ནང་ཆར་ཆའི་གོད་ཆག་དང་བོད་གཙོའི་ས་ཁུལ་ཁག་ཅིག་ནང་ཚ་དྲོད་རྒྱས་ཏེ་གནམ་གཤིས་དོ་མི་མཉམ་པའི་དཀའ་ངལ་ཤུགས་ཆེར་འཕྲད་ཀྱི་ཡོད་འདུག

ཁ་སང་ཕྱི་ཚེས་ ༣ ཉིན་རྒྱ་ནག་གཞུང་གིས་འདི་ལོ་བོད་ནང་ཆ་སྙོམས་ཀྱི་ཆར་བ་འབབ་ཚད་དམའ་ཤོས་དེ་ཡིན་པ་དང་། གནད་དོན་དེ་ནི་ཕྱི་ལོ་ ༡༩༦༡ ནས་བཟུང་བོད་ནང་ཆར་ཆུ་ཉུང་བའི་དུས་སྐབས་ཤིག་ཆགས་ཡོད་པ་དང་། རྒྱ་ནག་གི་གནམ་གཤིས་སྔོན་བརྡ་རྟག་དཔྱད་ཁང་ ༤༠ བ་ནས་འདི་ལོ་རྒྱ་ནག་གི་ས་ཁུལ་ཁག་ཅིག་ནང་ད་བར་ཚ་བ་ཆེ་ཤོས་བྱུང་ཡོད་པའི་སྙན་ཐོ་ཞིག་ཀྱང་བཏོན་ཡོད་པ་དང་། དེ་མིན་རྒྱ་ནག་གི་ས་ཆ་གཞན་ལ་ཆར་བ་བསྟུད་མར་བབས་ཏེ་ཆར་ཆུའི་གོད་ཆག་ཆེན་པོ་བྱུང་གི་ཡོད་འདུག

རྒྱ་ནག་རྒྱལ་ཡོངས་གནམ་གཤིས་བརྟག་དཔྱད་ཁང་གི་ལས་བྱེད་ཁྲིན་ཧོ(Chen Hao)ཟེར་བ་ཞིག་གིས། རྒྱ་ཆེ་ས་ནས་གོ་ལའི་ཚ་དྲོད་འཕེལ་བ་དང་སྟབས་བསྟུད་གནམ་གཤིས་དང་འབྲེལ་བའི་གོད་ཆག་མང་དུ་འགྲོ་རྒྱུ་ཡིན་པ་དང་། རྒྱ་ནག་གི་ཛ་དྲག་མྱུར་སྐྱོབ་ཚན་པས་རྒྱ་སྒོར་དུང་ཕྱུར་ ༡༣ ལྷག་ད་ལྟའི་རྒྱ་ནག་གི་ཞིང་ཆེན་འགའི་ནང་ཆར་ཆུས་རྐྱེན་གྱིས་གོད་ཆག་བྱུང་བཞིན་པའི་ཆེད་རོགས་དངུལ་གཏོང་གི་ཡོད་པ་དང་། དེའི་ཁྲོད་ཀྱི་དངུལ་འབོར་ཆེན་ཞིག་ཉེ་སྔོན་རྒྱ་ནག་དབུས་དང་ལྷོ་བརྒྱུད་དུ་ཆར་བའི་གོད་ཆག་བྱུང་བར་གཏོང་གི་ཡོད་སྐོར་བརྗོད་འདུག

ཡང་རྒྱ་ནག་གནམ་གཤིས་སྔོན་བརྡ་ལས་ཁུངས་ཀྱི་ངལ་སེལ་ཚན་པའི་ལས་བྱེད་ལའོ་ཅཱོན(Liao Jun)ཟེར་བ་ཞིག་གིས། བོད་དང་ཡུན་ནན་ནང་ཕྱི་ལོ་ ༡༩༦༡ ནས་བཟུང་ད་ལོ་ནི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཆེས་དམའ་ཤོས་དེ་ཡིན་པ་དང་། རྒྱ་ནག་གི་ཅང་ཤི་ཞིང་ཆེན་(Jiangxi) དང་ཧེ་ནན་(Hunan)། ཀེ་ཀྲུའུ་(Guizhou)སོགས་ཀྱི་ནང་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཆར་བ་བབས་ཏེ་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་གི་ཡོད་པ་རེད། ཅེས་བརྗོད་འདུག

ཉེ་སྔོན་ཕྱི་ཟླ་ ༦ པའི་ནང་ལྷ་ས་གྲོང་ཁྱེར་གནམ་གཤིས་བརྟག་དཔྱད་ཁང་གིས་འདི་ལོའི་དབྱར་དུས་སུ་ལྷ་སར་ལོ་རྒྱུས་ཁྲོད་ཀྱི་ཚ་དྲོད་ཆེས་མཐོ་ཤོས་དེ་བསླེབ་རྒྱུ་ཡིན་པའི་སྔོན་བརྡ་བཏང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༦ པའི་ཚེས་མགོ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སར་གནམ་གཤིས་ཚ་དྲོད་ཆེ་རུ་ཕྱིན་ཏེ། དྲོད་ཚད་ཏུའུ་གྲངས་ ༣༠.༤ ལྷག་ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་ཆགས་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།

དེ་བཞིན་འདས་པའི་ཟླ་ཤས་ནང་ཅང་ཤི་ཞིང་ཆེན་(Jiangxi)སོགས་རྒྱ་ནག་གི་ལྷོ་བརྒྱུད་ས་ཁུལ་ཁག་ཏུ་དྲག་ཆར་བསྟུང་མར་བབས་ཏེ་ཉུང་མཐར་མི་གྲངས་ ༡༦ རྐྱེན་འདས་དང་། མི་གྲངས་ཁྲི་ ༩ ཙམ་ཡུལ་དངོས་ནས་གནས་སྤོ། སྡོད་ཁང་བརྒྱ་ཕྲག་མང་པོ་གཏོར་བཤིག་བཏང་ཡོད་པ་དང་། ཁྱོན་མི་གྲངས་ས་ཡ་ ༡།༤ ཙམ་ལ་དོ་ཕོག་དང་རྒྱ་སྒོར་དུང་ཕྱུར་ ༢༦ ལྷག་གི་དཔལ་འབྱོར་ལ་གྱོང་གུད་ཐེབས་ཡོད་འདུག

གསར་འགོད་པ། ཀླུ་མགོན།

བསྐྱར་བཅོས།: ༢༠༡༩/༠༧/༠༣

Leave a Reply