དྲང་བདེན་ཆེད་བཙོན་འཇུག་བྱས་པའི་ཁྲིམས་རྩོད་པ་རྣམས་ཀློད་གྲོལ་གཏོང་རོགས།

ཡུ་རོབ་མནའ་འབྲེལ་མཐུན་ཚོགས་དང་ཨ་རི་གཉིས་ཀྱིས་རྒྱ་ནག་གཞུང་ལ་འཛིན་བཟུང་བཀག་ཉར་འོག་ཡོད་པའི་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་མགྱོགས་མྱུར་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༩ ཉིན། ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་དང་ཨ་རིའི་གཞུང་གཉིས་ཀྱིས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ས་ཁང་འཕྲོག་བཅོམ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། དེ་བཞིན་རང་དབང་འཐབ་རྩོད་པ་སོགས་སུ་དྲང་བདེན་ཡོང་སླད་། ཁྲིམས་གཏུགས་བྱེད་མཁན་གྱི་ཁྲིམས་རྩོད་པ་མང་པོ་ཞིག་གང་བྱུང་འཛིན་བཟུང་བཀག་ཉར་འོག་བཞག་སྟེ་ལོ་ ༤ འཁོར་གྱི་ཡོད་པ་རྣམས། རྒྱ་ནག་གཞུང་གིས་མྱུར་དུ་ཀློད་གྲོལ་དགོས་པའི་འབོད་སྐུལ་བྱས་འདུག

གནད་དོན་དེའི་ཐད་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༩ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་མི་མང་གི་བདེ་སྡུག་ཞུ་གཏུགས་མཁན་ཁྲིམས་རྩོད་པ་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་ཀྱི་ཐོག་དམ་དྲག་དང་བཙོན་བཅུག་ཡོད་པ་དང་། ལོ་ངོ་ ༤ འཁོར་བའི་དེ་རིང་གི་ཉིན་མོ་འདིར། རྒྱ་ནག་གཞུང་གིས་ཁྲིམས་ལུགས་གཞིར་བཟུང་སོ་སོའི་མི་སེར་གྱི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་དང་རྒྱ་ནག་གི་ཁྲིམས་ལུགས་གོང་མཐོར་གཏོང་མཁན་གྱི་མི་མང་མུ་མཐུད་བཙོན་འཇུག་བྱེད་བཞིན་ཡོད་པ་དེས། ང་ཚོ་སེམས་གཏིང་ནས་སུན་པོ་བཟོས་བྱུང་། ཞེས་བརྗོད་འདུག

གཞན་ཡང་ཡུ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱི་ཕྱི་སྲིད་དང་བདེ་འཇགས་ལྷན་ཁང་གི་མགྲིན་ཚབ་པ་མ་ཇྰ་(Maja Kocijancic)ལགས་ཀྱིས། ཡུ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱིས། རྒྱ་ནག་གིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་གཙོའི་རྒྱལ་སྤྱིའི་ཁྲིམས་ལུགས་ཁག་ངོས་ལེན་བྱེད་པར་རེ་བ་བྱེད་ཀྱི་ཡོད་ལ། དམིགས་བསལ་རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་པའི་མི་མང་གི་ཐོབ་ཐང་ལ་བརྩི་འཇོག་བྱེད་དགོས་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༩ ཉིན་(༧༠༩)ཞེས་པའི་ལས་འགུལ་ཞིག་སྤེལ་ཏེ། མི་མང་གི་ཐོབ་ཐང་རྩོན་ལེན་བྱེད་མཁན་ཁྲིམས་རྩོད་པ་མང་པོ་ཞིག་འཛིན་བཟུང་བྱེད་མགོ་བརྩམས་ཡོད་པ་དང་། རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་འོག་ཡོད་པའི་ཁྲིམས་རྩོད་པ་མང་པོ་ཞིག་ལ་སྡུག་སྦྱོང་གཏོང་གི་ཡོད་པ་མ་ཟད། ཁག་ཅིག་ལ་ནང་མི་དང་ཁྲིམས་རྩོད་པ་དང་ཐུག་འཕྲད་བྱེད་མ་བཅུག་པར་དྲང་བདེན་མིན་པའི་ཁྲིམས་ཆད་སོགས་གཅོད་ཀྱི་ཡོད་པ་རེད།

རྒྱལ་སྤྱིའི་ཨེ་ཕེག་དུས་བབ་(The Epoch Times)གསར་ཁང་གི་གནས་ཚུལ་ནང་། ཨ་རི་དང་ཡུ་རོབ་གཉིས་ནས་རྒྱ་ནག་གཞུང་གིས་བཙོན་འཇུག་འོག་ཡོད་པའི་ཁྲིམས་རྩོད་ཚང་མ་མགྱོགས་མྱུར་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་བཏང་ཡོད་པ་དང་། རྒྱ་ནག་གཞུང་གི་ལས་འགུལ་དེས། རྒྱ་ནག་ནང་ཧ་ཅང་ཚོར་བ་རྐྱེན་པའི་ཡེ་ཤུ་ཆོས་ལུགས་དང་། གཞུང་གིས་ས་ཁང་བཙན་འཕྲོག་བྱས་པའི་ཞིང་ལས་མི་མང་། དེ་བཞིན་རྩ་རླུང་སྒོམ་སྒྲུབ་(Falun Gong)ཉམས་ལེན་སློབ་མ་སོགས་སྲུང་སྐྱོབ་མཁན་ཁྲིམས་རྩོད་པ་མང་པོ་ཞིག་བཙོན་འཇུག་བྱས་ཡོད་སྐོར་སོགས་བརྗོད་འདུག

རྒྱ་ནག་གཞུང་གི་ལས་འགུལ་དེའི་ཁྲོད་ལོ་ ༡ དང་ཟླ་ ༦ རིང་བཙོན་འཇུག་བྱས་མྱོང་བའི་ཁྲིམས་རྩོད་པ་ཤིས་ཡང་ཡེ་(Xie Yanyi)ཞེས་པ་ཞིག་གིས། ཁྲིམས་རྩོད་པ་རྡོག་རོལ་གཏོང་བཞིན་པའི་ལས་འགུལ་དེ་ནི་ལྟ་གྲུབ་མི་འདྲ་བ་གཉིས་གདོང་ཐུག་བརྒྱབས་པ་སྟེ། ཁྲིམས་རྩོད་པས་རང་དབང་དང་དམངས་གཙོ་གཙུག་འཛིན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་དབང་ཆ་གཅིག་སྡུད་གཙོ་འཛིན་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་ནག་གཞུང་གིས་(709)ཞེས་པའི་ལས་འགུལ་འོག ད་སྔ་བར་ཁྱོན་ཁྲིམས་རྩོད་པ་དང་ཐོབ་ཐང་རྩོད་ལེན་པ་ ༣༢༠ ལྷག་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟ་ད་དུང་གཞུང་གི་ཁ་གཏད་དུ་ལངས་ཏེ་དྲང་བདེན་རྩོད་མཁན་ཚོ་འཛིན་བཟུང་བྱས་དང་བྱེད་བཞིན་ཡོད་པ་དང་། དཔྱད་བརྗོད་པ་མང་པོ་ཞིག་གིས་ལས་འགུལ་འདི་ནི་རྒྱ་ནག་གཞུང་གིས་སྲིད་དབང་སྒེར་གཅོད་བྱེད་ཐབས་ཀྱི་ཐབས་ལམ་ཡག་ཤོས་ཤིག་ཡིན་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༧/༡༠

Leave a Reply