གསར་འབྱོར་དུད་ཁྱིམ་ ༤༤ ལ་སྡོད་ཁང་གསར་པ་སྤྲད།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་ཡོད་པའི་གསར་འབྱོར་དུད་ཁྱིམ་ ༤༤ ལ་སྡོད་ཁང་གསར་པ་བགོ་འགྲེམས་གནང་འདུགརྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་གསར་འབྱོར་དུད་ཁྱིམ་ ༨༠ ལ་སྡོད་ཁང་གསར་རྒྱག་གི་ལས་གཞི་ལེགས་པར་གྲུབ་སྟེ། དེ་རིང་སྔ་དྲོར་ལ་ཀོབ་ལུགས་བསམ་མི་མང་ཚོགས་ཁང་དུ། ལྷོ་ཕྱོགས་སྤྱི་ཁྱབ་པ་དང་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་ཀྱི་ས་གནས་གཞིས་མགོ། བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་སྐུ་ཚབ། མཉམ་འབྲེལ་གྱི་སྐུ་ཚབ་དང་སྡོད་ཁང་ཐོབ་ཐང་གི་ཐོ་གཞུང་ནང་ཡོད་པའི་གསར་འབྱོར་བོད་མི་རྣམས་བཅས་ལྷན་འཛོམས་གནང་ཏེ་ཆ་རྐྱེན་ཚང་ཞིང་ས་གནས་ལ་དངོས་སུ་ཡོད་པའི་ཁྱིམ་ཚང་ ༤༤ ཙམ་ལ་རྒྱན་ཤོག་གི་ལམ་ནས་སྡོད་ཁང་བགོ་འགྲེམས་གནང་ཡོད་པ་རེད།

ཐོག་མར་སྦེལ་ཀོབ་གསར་འབྱོར་བོད་མིའི་སྡོད་ཁང་ཨར་ལས་འཛུགས་སྐྲུན་གྱི་སྔ་ཕྱི་བར་གསུམ་ལ་འགན་ཁུར་མཁན་་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་ལས་ཁུངས་ཆགས་ཡོད་སྟབས། བདེ་སྐྱིད་སླར་གསོ་གཞིས་ཆགས་ཀྱི་ད་ལྟའི་ས་གནས་མགོ་འཛིན་ཚེ་རིང་ཆོས་འཛོམས་ལགས་ཀྱིས། གསར་འབྱོར་བོད་མིའི་སྡོད་ཁང་གི་སྐོར་ལ་ངོ་སྤྲོད་མདོར་བསྡུས་དང་འབྲེལ། གསར་འབྱོར་བོད་མིའི་སྡོད་ཁང་གསར་པ་དེ་དག་དེ་རིང་ནས་བཟུང་གཞིས་ཆགས་རྙིང་པ་ལུགས་ཟུང་བསམ་གྲུབ་གླིང་གི་ཁྱབ་ཁོངས་གྲོང་སྡེ་བདུན་པ་དེ་ཡིན་སྐོར་བརྗོད་སོང་།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས། སྡོད་ཁང་གསར་པའི་བདག་དབང་ཡོངས་རྫོགས་དབུས་བོད་མིའི་སྒྲིག་འཛུགས་ལ་ཡོད་པ་དང་། སྡོད་ཁང་གསར་པའི་ནང་སྡོད་མཁན་རྣམས་ཀྱིས་མ་འོངས་པར་སྡོད་ཁང་ཚོང་སྒྱུར་བྱེད་པ་དང་གཞན་ལ་ཁང་གླ་གཏོང་བ་སོགས་གཏན་ནས་བྱེད་མི་ཆོག་པ་སོགས་ཁྲིམས་ཐོག་གི་སྒྲིག་གཞི་ཁག་ཅིག་ཀྱང་སྒྲོག་སྦྱངས་གནང་སོང་།

གཞན་ཡང་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་སྡོད་ཁང་གསར་རྒྱག་གི་བརྒྱུད་རིམ་ནང་གི་དཀའ་ངལ་ཁག་ཅིག་ངོ་སྤྲོད་དང་སྦྲགས་སྡོད་ཁང་ ༨༠ གསར་རྒྱག་བྱས་ཡོད་པ་ལས། ད་ཆ་སྡོད་ཁང་ ༣༦ ཙམ་ལྷག་ཡོད་པ་དེ་དག་སྒུག་ཐོའི་ནང་ཡོད་པའི་ཁྱིམ་ཚང་རྣམས་ལ་བགོ་འགྲེམས་ཡོང་རྒྱུར་སླར་ཡང་ཞིབ་འཇུག་དང་འབྲེལ་དབུས་ལ་སྙན་ཞུ་འབུལ་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།

སྤྱིར་དང་ཐོག་སྦེལ་ཀོབ་གཞིས་ཆགས་སུ་སྡོད་ཁང་གི་དཀའ་ངལ་ཡོད་པའི་གསར་འབྱོར་ཁྱིམ་ཚང་༨༠་ཆེད་སྡོད་ཁང་གསར་རྒྱག་གནང་ཡོད་ཀྱང་། ལོ་ཤས་ནང་ཁྱིམ་ཚང་མི་ཉུང་བ་ཞིག་བོད་དུ་ཕྱིར་ལོག་པ་དང་ཡང་ན་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བསྐྱོད་ཟིན་ཡོད་སྟབས། ད་ལྟ་ས་གནས་ལ་དངོས་སུ་ཡོད་པ་དང་སྡོད་ཁང་བགོ་འགྲེམས་ཀྱི་མིང་ཐོའི་ནང་ཚུད་པའི་ཁྱིམ་ཚང་༤༨
ཡོད་ཅིང་། དེ་རིང་དེ་དག་གི་ནང་ནས་ཁྱིམ་ཚང་བཞི་དང་བླངས་ཐོག་རང་ཉིད་ལ་སྡོད་ཁང་གི་དཀའ་ངལ་སེལ་ཟིན་པ་དང་སྡོད་ཁང་བགོ་འགྲེམས་ཀྱི་མིང་ཐོ་ནས་ཕྱིར་འཐེན་གནང་རྒྱུ་ཡིན་སྐོར་ཞུས་ཏེ་ཕྱིར་འཐེན་གནང་ཡོད་པ་དང་།  སྡོད་ཁང་གི་རྒྱ་ཁྱོན་སྡེ་ཚན་རིན་པ་གསུམ་དུ་ཕྱེ་ཡོད་ཅིང་དེ་ཡང་སྡེ་ཚན་ཀ་པ་ནང་མི་ ༢ ནས་བཞི་བར་དང་སྡེ་ཚན་ཁ་པ་ནང་མི་ ༥ ལས་མང་བ། ག་པ་ནང་མི་ཁེར་རྐྱང་གི་སྡེ་ཚན་བཅས་ཡོད་པ་རེད།

གསར་འབྱོར་བོད་མིའི་སྡོད་ཁང་གསར་པ་དེ་ནི་ཐོག་མར་ཕྱི་ལོ་༢༠༡༠ ལོར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་ཚོགས་སྐབས་གསར་འབྱོར་བ་ཁ་ཤས་ཀྱིས། སྐབས་དེའི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་སྡོད་ཁང་གི་དཀའ་ངལ་སྐོར་ཞུས་པ་དང་དེའི་རྗེས་སྙན་ཞུ་རིམ་པ་ཕུལ་བ་བརྒྱུད་ཕྱི་ལོ་་༢༠༡༢ ནས་ཐོ་འགོད་བྱ་རྒྱུ་འགོ་འཛུགས་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༤ ནང་བདེ་སྐྱིད་སླར་གསོ་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་གྱི་འགན་ཁུར་འོག་ཨར་ལས་འགོ་བཙུགས་ཏེ། ད་བར་ལོ་ ༥ ཙམ་རིང་ས་གནས་མགོ་འཛིན་རིམ་པ་གསུམ་བརྒྱུད་ནས་མཇུག་སྐྱོང་གནང་བ་ཞིག་ཡིན་པ་རེད།

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༩/༠༧/༡༠

Leave a Reply

4 thoughts on “གསར་འབྱོར་དུད་ཁྱིམ་ ༤༤ ལ་སྡོད་ཁང་གསར་པ་སྤྲད།

  1. ༄།བོད་མི་སྒྲིག་འཛུགས་ཀྱི་ཐུགས་ཁུར་ཆེད་བཞེས་ཐོག་ནས་རྗེས་འབྱོར་རྣམས་ཀྱི་སྡོད་ཁང་དཀའ་ངལ་སེལ་ཆེད་ལས་གཞི་ཚད་ལྡན་དང་དེ་ལ་རྒྱབ་སྐྱོབ་དང་རོགས་རམ་གནང་མཁན་འབྲེལ་ཡོད་ཡོངས་ལ་ཡིད་རངས་ཞུ།ད་དུང་ཡང་འབོད་བརྩོན་མི་འཐུས་གནངས་རོགས་ཞུ།།

  2. གཞུང་པ་ཚེ་དབང་བསོད་ནམས་

    གཞིས་ཆགས་ཁག་གི་ནང་གཞིས་མིའི་གྲངས་ཚད་ལོ་རེ་ནས་ལོ་རེ་བཞིན་ཉུང་
    དུ་འགྲོ་བཞིན་པ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཁྱེན་གྱི་མེད་པ་
    ཡིན་ནམ་རོགས་དངུལ་ལ་སྐྱབས་བཅོལ་ནས་མི་ཡུལ་དུ་ཁང་སྟོང་རྒྱབ་
    ཐུབ་པ་ཙམ་གྱི་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཟེར་བ་དེ་ལ་ངོས་འཛིན་
    གནང་གི་ཡོད་པ་ཡིན་ནམ?

  3. སྡོད་ཁང་མ་རེད་འགྲོ་ཁང་རེད། ཚང་མ་ཕྱི་རྒྱལ་ཡུལ་ལ་འགྲོ། སྡོད་ཁང་བདག་མེད་ས་རྡོ་གྱུར། དགོས་དུས་སྡོད་ཁང་གཅིག་ར་མེད། ཀུ་རེ་ཡིན་དགོངས་དག་ཞུ།