པཱ་ཀི་སི་ཐན་གྱི་སྲིད་བློན་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཕེབས་འཆར་འདུག

པཱ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་ལགས་ཐེངས་དང་པོར་ཨ་རིའི་ཕོ་བྲང་དཀར་པོའི་ནང་གདན་འདྲེན་ཞུས་ཏེ་ཨབ་གྷན་ཁུལ་གྱི་ཞི་བདེ་བརྟན་བརླིང་སོགས་ཀྱི་སྐོར་ལ་གྲོས་མོལ་གནང་རྒྱུ་ཡིན་འདུག ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་གཞུང་འབྲེལ་དྲ་རྒྱ་བརྒྱུད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕུ་མཆོག་གི་གདན་ཞུ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་པཱ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་ལགས་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཕེབས་ཏེ། ཨབ་གྷན་ཁུལ་དུ་ཞི་བདེ་དང་བརྟན་བརླིང་། དཔལ་འབྱོར་གོང་འཕེལ་བཅས་ཀྱི་ཐད་ལ་མཉམ་ལས་ཡོང་ཐབས་ཐད་གྲོས་མོལ་གནང་རྒྱུ་ཡིན་སྐོར་བསྒྲགས་འདུག

དེ་ཡང་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ལས་ཁུངས་ཀྱི་གསལ་བསྒྲགས་ནང་། སྲིད་འཛིན་ཊོམ་ཕུ་མཆོག་དང་སྲིད་བློན་ཁན་རྣམ་གཉིས་ནས་ལྷོ་ཨེ་ཤ་ཡའི་ནང་ཞི་བདེ་དང་། ཕྱོགས་གཉིས་བར་གྱི་མཉམ་ལས་གོང་འཕེལ་ཡོང་བར་དམིགས་ཏེ། འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་གཏོང་ཐབས་དང་། བདེ་སྲུང་། གློག་ནུས། ཚོང་འབྲེལ་སོགས་གནད་དོན་མང་པོའི་ཐོག་ལ་གླེང་མོལ་བྱ་རྒྱུ་རེད། ཅེས་བརྗོད་འདུག་ལ།  པཱ་ཀི་སི་ཐན་གྱི་གསར་འགོད་མཐུན་ཚོགས་(Associated Press of Pakistan) ཞེས་པས་ཀྱང་གནས་ཚུལ་དེ་བསྒྲགས་ཡོད་པ་རེད།

རྒྱ་གར་དུས་བབ་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ། ཐུག་འཕྲད་དེ་དོན་འཁྱོལ་བྱུང་བ་ཡིན་ན། དེ་ནི་སྲིད་བློན་ཨིམ་རན་ཁན་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཕེབས་ཏེ་ཨ་རིའི་སྲིད་འཛིན་ལས་ཐོག་ཅིག་ལ་ཐུག་འཕྲད་གནང་བ་ཐེངས་དང་པོ་ཆགས་ཡོད་པ་དང་། ད་ལན་གྱི་ཐུག་འཕྲད་དེ་པཱ་ཀི་སི་ཐན་གྱིས་ཨ་རི་དང་ཨབ་གྷན་ཁུལ་གྱི་ཏ་ལི་པན་དྲག་སྤྱོད་ཤོག་ཁག་བར་ཞི་འགྲིག་ཡོང་རྒྱུར་རོགས་འདེགས་ཤུགས་ཆེན་པོ་བྱས་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་སྐོར་བཀོད་འདུག

ཕྱི་ལོ་ ༢༠༠༡ ལོར་འཇིགས་སྐུལ་དྲག་སྤྱོད་པས་ཨ་རིའི་ཚོང་འབྲེལ་ཁང་རྩེག་ (Twin Tower) གཏོར་བརླག་བཏང་བའི་གཅིག་གཅིག་དགུའི་དོན་རྐྱེན་བྱུང་རྗེས། སྐབས་དེའི་ཨ་རིའི་ལས་ཐོག་སྲིད་འཛིན་ཇོར་ཇི་བྷུ་ཤི་མཆོག་གིས་འཇིགས་སྐུལ་ལ་རྒོལ་རྡུང་ (War on Terror) ཞེས་པའི་འཇིགས་སྐུལ་དྲག་སྤྱོད་པ་དང་། དེར་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་དག་ལ་རྒོལ་རྡུང་གཏོང་བའི་རྒྱལ་སྤྱི་རང་བཞིན་གྱི་དམག་དོན་ལས་འགུལ་ཞིག་མགོ་བརྩམས་ཏེ། དཀྱིལ་ཤར་ཨེ་ཤ་ཡའི་ཁུལ་དུ་ཨ་རིའི་སྣེ་ཁྲིད་པའི་ནུབ་རྒྱ་མཚོའི་མནའ་མཐུན་ཚོགས་པའི་ (NATO) དམག་ཕོན་ཆེན་འགྲེམ་འཇོག་གིས། ཕྱི་ལོ་ ༢༠༡༣ བར་ཟིང་འཁྲུག་ཆེན་པོ་བསླངས་ཡོད་པ་རེད། སྐབས་དེར་པཱ་ཀི་སི་ཐན་ཕྱོགས་ནས་ཀྱང་ཨ་རིའི་སྣེ་འཁྲིད་པའི་དམག་དོན་ལས་འགུལ་དེར་རོགས་འདེགས་ལྟ་བུ་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༡༡ ལོར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨལ་ཁཱ་ཌཱ་ (Al-Qaeda) འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་གི་མགོ་འཁྲིད་ཨོ་ས་མ་བྷིན་ལ་དྷེན་ (Osama Bin Laden) པཱ་ཀི་སི་ཐན་གྱི་བྱང་ཕྱོགས་ཨཱ་བྷོ་ཏ་བྷཌ་གྲོང་ཁྱེར་ (Abbottabad) ནང་གི་དམག་གི་ལྟེ་གནས་ཤིག་གི་ཉེ་འགྲམ་དུ་གནས་སྡོད་བྱེད་བཞིན་པ་ཤེས་རྟོགས་བྱུང་སྟེ། ཨ་རིའི་དམིགས་བསལ་དམག་དོན་རུ་ཁག་གིས་ལོ་དེའི་ཕྱི་ཟླ་ ༥ ཚེས་ ༢ ཉིན་གྱི་མཚན་གུང་ལ་ཨོ་ས་མ་བྷིན་ལ་དྷེན་བསད་ཡོད་པ་མ་ཟད། ཨ་རིའི་གཞུང་ནས་པཱ་ཀི་སི་ཐན་གྱིས་ཨོ་ས་མ་བྷིན་ལ་དྷེན་སྦས་སྐུང་བྱས་ཡོད་པ་སོགས་ཉེས་འཛུགས་མང་པོ་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ལ་འགལ་ཟླ་སྔར་ལས་ཤུགས་ཆེ་རུ་ཕྱིན་ཡོད་པ་མ་ཟད། ཌོ་ནལ་ཊོམ་ཕུ་མཆོག་ཨ་རིའི་སྲིད་འཛིན་ཆགས་པ་ནས་བཟུང་པཱ་ཀི་སི་ཐན་ལ་མངོན་གསལ་དོད་པོའི་ཐོག་ནས་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་མ་ཟད། པཱ་ཀི་སི་ཐན་གྱིས་ཨ་རིའི་མ་དངུལ་རྣམས་ཟོས་རྗེས་ཕན་ཐོགས་པའི་བྱ་བ་ཅི་ཡང་བསྒྲུབས་མེད་སྐོར་གསུངས་ཏེ།  ཨ་རི་དང་པཱ་ཀི་སི་ཐན་བར་གྱི་དམག་དོན་མཉམ་འབྲེལ་ལས་གཞི་ཡོད་ཚད་ཕྱིར་འཐེན་བྱས་ཡོད་པ་དང་། པཱ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་ལགས་ཀྱིས་ཨ་རིར་རྒོལ་ལན་གསལ་པོ་སྤྲད་ཡོད་པ་རེད།

པཱ་ཀི་སི་ཐན་ལ་རང་བཙན་ཐོབ་ནས་ཟླ་བ་གཉིས་ལྷག་གི་རྗེས་ཏེ། ཕྱི་ལོ་ ༡༩༤༧ ཟླ་ ༡༠ ཚེས་ ༢༠ ཉིན་ཨ་རིས་པཱ་ཀི་སི་ཐན་དང་ཕྱི་འབྲེལ་བཙུགས་པ་དང་། པཱ་ཀི་སི་ཐན་གྱིས་སྐབས་དེའི་སོ་ཝེ་ཊི་མཉམ་འབྲེལ་རྒྱལ་ཁབ་ (Soviet Union) ཀྱི་ཁ་གཏད་དུ་ལངས་ཏེ། ཨ་རིས་སྣེ་ཁྲིད་པའི་གྲང་དམག་ (Cold War) ནང་མཉམ་ཞུགས་བྱས་ཡོད་པས་་ཨ་རི་དང་པཱ་ཀི་སི་ཐན་བར་གྱི་ཐོག་མའི་འབྲེལ་ལམ་བཟང་པོ་ཆགས་ཡོད། འོན་ཀྱང་། ཕྱི་ལོ་ ༡༩༧༣ ལོར་པཱ་ཀི་སི་ཐན་གྱི་མི་མང་ཚོགས་པས་ (Pakistan People Party) གཞུང་འཛིན་སྐབས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན། ཡང་ཕྱི་ལོ་ ༡༩༨༠ ནང་ཨ་རིས་ཨབ་གྷན་ཁུལ་གྱི་ཁ་ཆེ་འཇབ་རྒོལ་བ་རྣམས་ལ་དམག་གི་སྦྱོང་བརྡར་དང་གོ་མཚོན་སྤྲད་དེ། སོ་ཝེ་ཊི་མཉམ་འབྲེལ་རྒྱལ་ཁབ་ཀྱིས་དཀྱིལ་ཤར་ཨེ་ཤ་ཡ་དང་ལྷོ་ཨེ་ཤ་ཡའི་ཁུལ་དུ་སྟོབས་ཤུགས་རྒྱ་སྐྱེད་བྱེད་བཞིན་པར་བཀག་འགོག་བྱེད་རྒྱུའི་དམག་དོན་ལས་འགུལ་ཞིག་སྤེལ་བ་དེར། པཱ་ཀི་སི་ཐན་གྱིས་རྒྱབ་སྐྱོར་དང་མཉམ་ཞུགས་བྱས་པའི་རྐྱེན་གྱིས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡང་ཇེ་བཟང་དུ་གྱུར་ཡོད་པ་རེད། ཕྱི་ལོ་ ༡༩༩༡ ལོར་སོ་ཝེ་ཊི་མཉམ་འབྲེལ་རྒྱལ་ཁབ་ཁ་འཐོར་དུ་ཕྱིན་རྗེས་ཨ་རི་གཞུང་ནས་པཱ་ཀི་སི་ཐན་གྱིས་རྡུལ་ཕྲན་མཚོན་ཆའི་ལས་གཞི་སྤེལ་བཞིན་པའི་ཐོག་དཔལ་འབྱོར་ཉེས་ཆད་གཅོད་རྒྱུར་མོས་མཐུན་བྱས་པར་བརྟེན། ཕྱོགས་གཉིས་བར་ཡང་བསྐྱར་འགལ་ཟླ་བྱུང་། གང་ལྟར་གཅིག་གཅིག་དགུའི་དོན་རྐྱེན་རྗེས་པཱ་ཀི་སི་ཐན་དང་ཨ་རིའི་བར་གྱི་འབྲེལ་ལམ་དེ་ཐོག་མར་བཟང་ཕྱོགས་ནས་མཐའ་མར་ཇེ་ཞན་དུ་གྱུར་ཏེ། ད་ལྟ་ཕྱོགས་གཉིས་ཀའི་འབྲེལ་ལམ་དེ་སྲ་བརྟན་མེད་པའི་གནས་སྟངས་འོད་ཡོད་ལ། ཐེངས་འདིར་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཕོ་བྲང་དཀར་པོའི་ནང་གདན་དྲངས་པ་དེས་ཨ་རིས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་བཟང་དུ་གཏོང་བའི་འདུན་པ་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག

ཕྱི་ལོ་ ༢༠༡༧ ཟླ་༨ ཚེས་ ༡༨ ཉིན་ཨིམ་རན་ཁན་པཱ་ཀི་སི་ཐན་གྱི་སྲིད་བློན་ ༢༢ པར་བསྐོ་བཞག་བྱུང་སྟེ། འདས་ལོའི་ཕྱི་ཟླ་ ༡༡ དང་། འདི་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་ལ་ཐེངས་གཉིས་བསྐྱོད་དེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་ལ་ཐུག་འཕྲད་བྱས་ཡོད་འདུག་ལ། འདས་པའི་ལོ་ ༡ མ་ཟིན་ཙམ་གྱི་སྲིད་བློན་ལས་ཡུན་རིང་ཊར་ཀི་(Turkey)དང་། སོ་དྷི་ཨ་རབ་ (Saudi Arabia)། མཱ་ལ་ཤི་ཡ་ (Malaysia)། ཨི་རན་ (Iran) སོགས་ཕྱིའི་རྒྱལ་ཁབ་ ༨ ནང་གཞུང་འབྲེལ་ཕྱོགས་བསྐྱོདགནང་མྱོང་ཡོད་འདུག་ཀྱང་། ཨ་རིའི་ནང་གཞུང་འབྲེལ་སྐོར་སྐྱོད་གནང་བ་ཐེངས་དང་པོ་ཡིན་འདུག

སྤྱིར་པཱ་ཀི་སི་ཐན་གྱི་སྲིད་བློན་ཛུལ་ཟུར་པ་ཧྥི་ཀར་ཨ་ལི་བྷུ་ཊོ་(Zulfikar Ali Bhutto) ཡིས་ཕྱི་ལོ་ ༡༩༧༣ ལོར་ཨ་རིའི་ལས་ཐོག་སྲིད་འཛིན་རི་ཅར་ཌི་ནིག་སོན་(Richard Nixon) དང་། ཕྱི་ལོ་ ༡༩༧༥ ལོར་ཨ་རིའི་ལས་ཐོག་སྲིད་འཛིན་གྷེ་རལ་ཌི་ཧྥོ་ཌི་(Gerald Ford) གཉིས་ལ་ཨ་རིའི་ནང་ཐུག་འཕྲད་གནང་ཡོད་པ་དང་།  དེ་བཞིན་བྷུ་ཊོའི་བུ་མོ་སྲིད་བློན་ཟུར་པ་བྷེ་ནཱ་ཛིར་བྷུ་ཊོ་ (Benazir Bhutto) ཡིས་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་དང་འབྲེལ། ཕྱི་ལོ་ ༡༩༨༩ ལོར་ཨ་རིའི་ལས་ཐོག་སྲིད་འཛིན་ཇོར་བྷུ་ཤི་དང་པོ་(George H. W. Bush) དང་། ཕྱི་ལོ་ ༡༩༩༥ ལོར་ཨ་རིའི་སྲིད་འཛིན་ལས་ཐོག་བྷིལ་ཁི་ལེན་ཊོན་(Bill Clinton) དང་ཐུག་འཕྲད་གནང་ཡོད་པ་དང་། དེ་བཞིན་སྲིད་བློན་ཟུར་པ་ན་ཝ་ཛི་ཤ་རིབ་ (Nawaz Sharif) ཀྱིས་ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་ཕོ་བྲང་དཀར་པོའི་ནང་ལས་ཐོག་སྲིད་འཛིན་ཨོ་བྷ་མ་དང་ཐུག་འཕྲད་གནང་བ་སོགས། པཱ་ཀི་སི་ཐན་གྱི་སྲིད་འཛིན་སྲིད་བློན་ཁག་ཅིག་ནས་སྔ་གཞུག་ཏུ་ཐེངས་ ༦ ཙམ་ལ་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་མྱོང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༧/༡༡

Leave a Reply