རྒྱལ་ཁབ་ ༢༠ ལྷག་གིས་བསྒྲགས་གཏམ་སྤེལ་ཏེ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས།

དབྱིན་ཡུལ་དང་ཧྥ་རན་སི་སོགས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གཙོ་བོར་གྱུར་བའི་འཛམ་གླིང་རྒྱལ་ཁབ་ ༢༢ ཙམ་གྱི་སྐུ་ཚབ་ཀྱིས་བསྒྲགས་གཏམ་སྤེལ་ཏེ་རྒྱ་ནག་གཞུང་གིས་ཤིན་ཅང་ནང་བཙན་གནོན་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུགདེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༨ ཉིན་དབྱིན་ཡུལ་དང་ཁ་ན་ཌ། ཨོ་སི་ཊོ་ལི་ཡ། ཧྥ་རན་སི། འཇར་མན། ཉི་ཧོང་། སུད་སི།  ནེའུ་ཛི་ལན་ཌི་སོགས་ཡུ་རོབ་ཀྱི་རྒྱལ་ཁབ་ ༡༨ གཙོ་བོར་གྱུར་བའི་ཁྱོན་རྒྱལ་ཁབ་ ༢༢ ཙམ་གྱི་སྐུ་ཚབ་ཐུན་མོང་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ཁཱོ་ལའེ་སེ་ཁི(Coly Seck)ལགས་ཀྱི་མཚན་ཐོག་ལ་བསྒྲགས་གཏམ་ཡི་གེ་ཞིག་ཕུལ་ཏེ། རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་གྲངས་ཉུང་མི་རིགས་ས་ཁུལ་དུ་དམ་དྲག་དང་སྡུག་སྦྱོང་མནར་གཅོད་གཏོང་མཚམས་འཇོག་དགོས་པ་དང་། ས་ཁུལ་དེའི་ནང་རྒྱ་ནག་གཞུང་གིས་སློབ་སྦྱོང་སྤྲོད་བཞིན་པར་ཁ་གཡར་ནས་མི་མང་ས་ཡ་ ༡ ལྷག་བཀག་ཉར་དང་། མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་པའི་ཐད་སྐྱོན་བརྗོད་གནང་ཡོད་པ་དང་བསྒྲགས། ཐུན་མོང་གི་བསྒྲགས་གཏམ་ཡི་གེ་དེ་ཉེ་སྔོན་སུད་སིའི་རྒྱལ་ས་ཅེ་ནི་ཝར་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཞུང་འབྲེལ་ཡིག་ཆར་ངོས་འཛིན་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ཐུན་མོང་བསྒྲགས་གཏམ་དེའི་ནང་། རྒྱ་ནག་གཞུང་གིས་ཡུ་གུར་བ་རྣམས་བཀག་སྐྱིལ་ཁང་དུ་བཙན་འཁྲིད་དང་། ཡུ་གུར་ས་ཁུལ་དུ་ལྟ་བཤེར་བརྙན་མིག་འབོར་ཆེན་བཞག་སྟེ་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་བྱེད་བཞིན་ཡོད་པ་མ་ཟད། ཡུ་གུར་བ་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ཁག་དམིགས་འབེན་དུ་བཟུང་ཡོད་པ་སོགས་ཡུ་གུར་ནང་རྒྱ་ནག་གཞུང་གིས་གང་བྱུང་བྱེད་བཞིན་པ་དེར་བློ་འཚབ་ཆེན་པོ་ཡོད། ཅེས་བཀོད་འདུག

དེའི་ཐད་དབྱིན་ཡུལ་གྷ་དྷིན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ ༤༧ འཐུས་མིའི་ལྷན་ཚོགས་ཐོག རྒྱལ་ཁབ་ཅིག་གི་བྱེད་སྟངས་ཐོག་ལ་ཡོངས་ཁྱབ་ངང་བསྒྲགས་ཡིག་སྤེལ་བ་ཧ་ཅང་དཀོན་པོ་ཡིན་པ་དང་། ཐེངས་འདིར་ཐུན་མོང་ཐོག་སྤེལ་བའི་བསྒྲགས་གཏམ་དེ་ནི་ཡུ་གུར་གྱི་གནས་སྟངས་སེལ་ཐབས་ལ་ཐབས་ལམ་དེ་ལས་མེད་སོང་བ་ཡིན་པ་དང་། གནང་སྟངས་དེས་ཡུ་གུར་ནང་གི་དཀའ་ངལ་སེལ་ཐབས་ལ་ཕན་ཐོགས་ཅུང་ཙམ་ཡོད་སྐོར་སོགས་བརྗོད་འདུག

འདི་ལོར་རྒྱ་ནག་གཞུང་གིས་ཡུ་གུར་སྐོར་ལ་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་ཅེས་པའི་ནང་། ཡུ་གུར་ས་ཁུལ་དུ་ཆོས་ལུགས་དྲག་སྤྱོད་པ་དང་ཐལ་སྤྱོད་པ་རྩ་འཛུགས་བྱས་ཏེ། མི་མང་གི་བདེ་འཇགས་དང་འཚོ་གནས་ལ་བརྡབ་གསིག་ཆེན་པོ་གཏོང་གི་ཡོད་ན་ཡང་། རྒྱ་ནག་ནི་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཅིག་ཡིན་པས་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ཡུ་གུར་ནང་གི་འགྲོ་བ་མིའི་ཐོབ་ཐད་སྲུང་སྐྱོབ་བྱེད་བཞིན་ཡོད་ལ། ཕྱི་ལོ་ ༢༠༡༤ ལོ་ནས་ཡུ་གུར་ནང་དྲག་སྤྱོད་རིང་ལུགས་པས་གཏོར་བཅོམ་ལས་འགུལ་ཁྱོན་ ༡༥༨༨ སྤེལ་ཡོད་པ་དང་། དེའི་ཁྲོད་དྲག་སྤྱོད་རིང་ལུགས་པ་ཁྲི་ ༡༢༩༩༥ འཛིན་བཟུང་ཐུབ་ཡོད་པ་དང་། ཁྲིམས་འགལ་ངང་ཆོས་ལུགས་ལས་འགུལ་གང་བྱུང་ ༤༨༥༨  སྤེལ་བའི་ཁྲོད་མི་གྲངས་ཁྲི་ ༣༠༦༤༥ ལ་ཉེས་ཆད་བཅད་ཡོད་པ་དང་། ཁྲིམས་འགལ་ངང་དཔར་སྐྲུན་དང་འགྲེམས་སྤེལ་བྱས་པའི་ཆོས་ལུགས་ཀྱི་དེབ་དང་ཡིག་ཆ་སོགས་ ༣༤༥༢༢༩ གཞུང་བཞེས་བཏང་ཡོད་སྐོར་བསྒྲགས་ཡོད་པ་རེད།འདས་པའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་ཡུ་གུར་གྲངས་ཉུང་མི་རིགས་ས་ཁུལ་དུ་ཆོས་ལུགས་ཐལ་སྤྱོད་པ་དང་དྲག་སྤྱོད་རིང་ལུགས་པ་ཡོད་སྐོར་བརྗོད་དེ་དམ་དྲག་དོགས་གཟོན་ཆེན་པོ་བྱས་ཡོད་པ་མ་ཟད། མི་གྲངས་ས་ཡ་༡ ལྷག་སློབ་གསོ་སྤྲོད་ཀྱི་ཡོད་པར་ཁ་གཡར་ནས་བཀག་སྐྱིལ་ཁང་ནང་བཅུག་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་།  རྒྱ་ནག་གཞུང་ཕྱོགས་ནས་དེ་ཚོ་སློབ་གསོའི་བསྟི་གནས་རེ་ཡིན་སྐོར་བརྗོད་ཡོད་པ་མ་ཟད།  སློབ་གསོའི་བསྟི་གནས་རེ་ཡིན་ལུགས་ར་སྤྲོད་བྱེད་པའི་ཆེད་དུ། ད་ལོའི་ཕྱི་ཟླ་ ༦ ནང་བྷི་བྷི་སིའི་གསར་འགོད་པ་ཇོན་སུད་ཝོར་ཐི་ (John Sudworth)ལགས་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་བཀག་ཉར་ཁང་ཞིག་ཏུ་འགྲོ་བར་ཆོག་མཆན་སྤྲད་དེ། འབྲེལ་ཡོད་ལས་བྱེད་སོགས་ལ་བཅར་འདྲི་བྱེད་སྐབས་བཀག་ཉར་ཁང་དེ་དག་ནི་ཆོས་ལུགས་དང་འབྲེལ་བའི་ཐལ་སྤྱོད་པས་སོ་སོའི་བསམ་བློར་ལེགས་བཅོས་གཏོང་ས་དང་ཉེས་སྐྱོན་མ་བཟོས་སྔོན་ལ་ལམ་སྟོན། དེ་བཞིན་གླུ་གཞས་སྒྱུ་རྩལ་དང་ལག་ཤེས་སྦྱོང་བརྡར་གྱི་བསྟི་གནས་སྐོར་བརྗོད་དེ། སློབ་སྦྱོང་གི་བསྟི་གནས་ཤིག་ཡིན་པའི་རྣམ་པ་ཤུགས་ཆེན་མངོན་ཐབས་བྱས་ཡོད་ཀྱང་། གསར་འགོད་པ་དེས་སྦྱོང་བརྡར་སྤྲོད་སའི་མི་རྣམས་ལ་རང་དབང་གཏན་ནས་མེད་པ་མ་ཟད། ཉལ་ཁང་ཆུང་ཆུང་གཅིག་རེའི་ནང་དུ་མི་བཅུ་གྲངས་རེ་དང་གཙང་སྤྱོད་གཅིག་ལས་མེད་པ་སོགས་འཚོ་བའི་མཐུན་རྐྱེན་ཡང་ཞན་པོ་ཡིན་པ་དང་།  གུང་ཁྲན་ཏང་གི་དྲིལ་བསྒྲགས་བྱ་བ་ཤུགས་ཆེན་སྤེལ་བཞིན་ཡོད་པ་སོགས་གསལ་པོ་བསྟན་ཡོད་སྟབས། རྒྱལ་སྤྱིའི་ཐོག་ནས་སྔར་ལས་དོ་སྣང་དང་གླེང་སློང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༧/༡༡

Leave a Reply