རྒྱ་ནག་གཞུང་གིས་སྐུའི་འཁྲུངས་སྐར་ཉིན་བྱང་ཐང་གི་འབྲོག་པར་འགོག་རྐྱེན་བཟོས།

ཉེ་སྔོན་ལ་དྭགས་བྱང་ཐང་གི་འབྲོག་པ་ཚོས་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་སྐབས་རྒྱ་ནག་ཕྱོགས་ནས་རྒྱལ་མཚམས་བརྒལ་ཏེ་རྒྱལ་དར་དམར་པོ་སོགས་སྒྲེང་འཛུགས་བྱས་ནས་འགོག་རྐྱེན་བཟོ་ཐབས་བྱས་ཡོད་འདུགསི་ཨན་ཨན་(CNN News18)གྱི་རྒྱ་གར་ཡན་ལག་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་ཟླ་འདིའི་ཕྱི་ཚེས་ ༦ སྟེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོར། ལ་དྭགས་བྱང་ཐང་གི་འབྲོག་སྡེ་གོས་ཡུལ་དང་། བདེ་མཆོག དུང་ཁྲི་བཅས་ཀྱི་ས་གནས་མི་མང་རྣམས་ཀྱིས་ལོ་འཆར་ཅན་ལྟར་རྒྱ་དཀར་ནག་གི་ས་མཚམས་དང་རྒྱང་ཐག་མི་རིང་བའི་རྡོ་ལྷས་འགྲམ་སྒོ་ (Dohlaa) ཞེས་པའི་ས་ཁུལ་དུ། རྒྱ་གར་གྱི་རྒྱལ་དར་དང་བོད་ཀྱི་རྒྱལ་དར། ནང་པའི་ཆོས་དར་བཅས་སྒྲེང་འཛུགས་བྱས་ཏེ་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་སྐབས། རྒྱ་ནག་ཕྱོགས་ནས་མི་འགའ་རྒྱ་གར་གྱི་ས་ཁོངས་སུ་འཛུལ་ཡོད་པ་མ་ཟད།  རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱས་ཏེ་འཕྲེད་དར་དམར་པོ་ཞིག་བཤམས་ནས་འཁྲུངས་སྐར་སྲུང་གཙི་ཞུ་བརའགོག་རྐྱེན་བཟོ་ཐབས་བྱས་ཡོད་འདུག

གནས་ཚུལ་འདི་ཐོག་མར་ཆོས་སྒྲོན་(Urgain Chodon‎)ཞེས་པའི་བུད་མེད་ཅིག་གིས་(Ladakh in the Media) ཞེས་པའི་ངོ་དེབ་ཚོགས་པ་ཞིག་གི་ནང་པར་རིས་དང་སྦྲགས་སྤེལ་སོང་བ་དང་། འདི་གའི་གསར་འགོད་པས་ལ་དྭགས་ཀྱི་འབྲེལ་ཡོད་མི་སྣ་འགའ་ཤས་ལ་དེའི་སྐོར་སྐད་ཆ་འདྲི་སྐབས། བུད་མེད་དེ་ནི་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཁྱབ་ཁོངས་གོས་ཡུལ་འབྲོག་སྡེའི་མགོ་བ་ཞིག་ཡིན་ལ། གནས་ཚུལ་དེ་བྱུང་སྐབས་མོ་རང་ཡུལ་དངོས་སུ་ཡོད་སྲིད་སྐོར་བརྗོད་བྱུང་།

ངོ་དེབ་ཚོགས་པ་དེའི་ནང་སྤེལ་བའི་གནས་ཚུལ་ནང་དུ། ཕྱི་ཟླ་ ༧ ཚེས་ ༦ ཉིན་གོས་ཡུལ་དང་། བདེ་མཆོག དུང་ཁྲི་བཅས་ཀྱི་མི་མང་རྣམས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙིའི་ཆེད་རྡོ་ལྷས་འགྲམ་སྒོ་ (Dohlaa) རུ་འདུ་འཛོམས་བྱས་ཡོད། དེ་ནི་འདས་པའི་ལོ་མང་པོའི་ཡར་སྔོན་ནས་སྲུང་གཙི་ཞུ་སྲོལ་ཞིག་ཆགས་ཡོད་པ་མ་ཟད། ཉིན་དེར་ང་ཚོས་རྒྱ་གར་གྱི་རྒྱལ་དར་དང་། ནང་པའི་ཆོས་དར། བོད་ཀྱི་རྒྱལ་དར་ (Tibetan Flag) བཅས་སྒྲེང་གི་ཡོད། ཡིན་ན་ཡང་ཐེངས་འདིར་རྒྱ་མི་རེ་ཟུང་ཞིག་སྤྱི་ལེ་ ༦ ཙམ་གྱི་རྒྱང་ཐག་ལས་མེད་པའི་ང་ཚོའི་ས་ཐོག་ཏུ་འཛུལ་ཏེ། ང་ཚོར་དར་ཆ་སྒྲེང་མི་ཆོག་སྐོར་བརྗོད་སོང་། ཞེས་དང་། ཁོ་ཚོས་ང་ཚོའི་ས་ཐོག་ཏུ་འཛུལ་ཏེ་རྒྱ་ནག་གི་རྒྱལ་དར་འཕྱར་བ་དེས། ང་ཚོའི་ཕ་མེས་ཡང་མེས་ནས་དགུན་སར་སྤྱོད་བཞིན་པའི་རྩྭ་ས་དག་ཧམ་བཟུང་བྱེད་འདོད་ཡོད་པ་མཚོན་གྱི་ཡོད། རྒྱ་སྐྱེད་བྱེད་རྒྱུ་དེ་རྒྱ་ནག་གི་རང་གཤིས་ཤིག་ཡིན་ཡང་གྱོང་གུད་དེ་སུ་ལ་ཡོད་མེད་ཤེས་རྒྱུ་གལ་ཆེ། དེ་ནི་སྤྱི་ལེ་ ༦ ཙམ་མིན་པར་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་མང་པོའི་གནད་དོན་ཞིག་ཡིན་སྟབས། དབུས་སའི་མགོ་འཁྲིད་རྣམས་ཀྱིས་རྒྱལ་ཁབ་ཀྱི་བདེ་སྲུང་དང་། བྱང་པ་དང་ཁོ་ཚོའི་ནོར་ལུག་རྣམས་ཀྱི་འཚོ་གནས་བཅས་ལ་གཞིགས་ཏེ་གནད་དོན་འདི་གཙིགས་ཆེར་འཛིན་རྒྱུའི་བརྡ་གཏོང་གི་ཡོད། ཅེས་བཀོད་འདུག

བུད་མེད་དེས་སྤེལ་བའི་གནས་ཚུལ་དང་མཉམ་དུ་པར་རིས་འགའ་བཞག་ཡོད་པའི་ནང་། རྒྱ་ནག་ཕྱོགས་ནས་ཉུང་མཐར་མི་གྲངས་ ༧ དང་སྒེར་འཁོར་ ༣།  དེ་བཞིན་རྒྱ་ནག་གི་རྒྱལ་དར་གཅིག་དང་། འཕྲད་དར་དམར་པོ་ཞིག་སྒྲེང་འཛུགས་བྱས་ཏེ་བྱང་ཐང་ཕྱོུགས་ལ་རྒྱང་མཐོང་བཙུགས་ནས་ལྟ་བཤེར་བྱེད་བཞིན་ཡོད་པ་སོགས་གསལ་པོ་མཐོང་གི་འདུག་ལ།  འདི་གའི་གསར་འགོད་པས་ཆོས་སྒྲོན་ཞེས་པའི་བུད་མེད་དེར་ངོ་དེབ་སོགས་བརྒྱུད་ནས་འབྲེལ་བ་བྱས་ཀྱང་བརྡ་ལན་འབྱོར་མ་བྱུང་། དེ་ནས་ལ་དྭགས་ཀྱི་ས་གནས་བོད་མི་ཁག་ཅིག་ལ་ད་ལན་གྱི་གནས་ཚུལ་དེའི་སྐོར་ཤེས་རྟོགས་བྱུང་ཡོད་མེད་དྲིས་པར་ཕལ་ཆེ་བས་ཤེས་རྟོགས་བྱུང་མེད་སྐོར་བརྗོད་བྱུང་།

སི་ཨན་ཨན་གྱི་ཡན་ལག་ཁང་གི་གནས་ཚུལ་དེའི་ནང་། ཇ་མུ་དང་ཀཱ་ཤི་མིར་མངའ་སྡེའི་ (Jammu and Kashmir) འབྲེལ་ཡོད་ལས་བྱེད་མུ་ཧྥི་ཏི་ཨིས་ལཱམ་ (Mufti Islam) ཞེས་པ་ཞིག་གིས། འདས་པའི་ནང་བདེ་མཆོག་གཙོས་པའི་རྒྱ་གར་གྱི་ས་མཚམས་ས་ཁུལ་ཁག་ཏུ་རྒྱ་མི་ཐེངས་མང་འཛུལ་ཏེ་རེ་འགའ་ཟླ་བ་གཉིས་ལྷག་རྒྱ་གར་གྱི་ས་ཐོག་རང་ལ་བསྡད་ཡོད་ཀྱང་། རྒྱ་གར་ཕྱོགས་ནས་དེར་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་མེད་སྐོར་བརྗོད་འདུག་པ་དང་། དེ་བཞིན་ལ་དྭགས་ཀྱི་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ལག་བསྟར་འགན་འཛིན་རིག་འཛིན་དཔལ་འབར་ (Rigzin Spalbar)ལགས་ཀྱིས།  གནད་དོན་དེ་ནི་འདས་པའི་ལོ་མང་པོའི་རིང་ནས་འབྱུང་བཞིན་ཡོད་པས་གསར་པ་ཞིག་གང་ཡང་མིན་པ་དང་། རྒྱ་ནག་རྟག་པར་རྒྱ་གར་གྱི་ས་ཁོངས་སུ་འཛུལ་གྱི་ཡོད་པ་དང། ཚང་མས་ཤེས་གསལ་ལྟར། རྒྱ་ནག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དཀའ་ངལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ད་བར་ཐེངས་མང་དབུས་གཞུང་ལ་གནད་དོན་དེའི་ཐད་སྙན་གསེང་ཞུས་ཡོད་ཀྱང་། ཚོར་ཤུགས་སྐྱེན་པའི་གནད་དོན་རེད་ཟེར་ནས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འདོན་དུ་བཅུག་མེད་སྐོར་དང་། དུས་རྒྱུན་རྒྱ་གར་དབུས་གཞུང་གིས་རང་གི་མི་སེར་འབྲོག་པ་རྣམས་ལ་ས་ཁུལ་དེ་དག་ནང་ནོར་ཕྱུགས་འཚོ་རུ་འཇུག་གི་མེད་ཀྱང་། རྒྱ་ནག་ཕྱོགས་ནས་འབྲོག་པ་ཚོས་རྒྱ་གར་གྱི་ས་ཐོག་ལ་ནོར་འཚོས་ཏེ་རིམ་པས་ཁང་པ་སོགས་བརྒྱབས་ཏེ་ས་ཆ་བདག་ཏུ་འཛིན་གྱི་ཡོད་པ་དང་། དེ་ལྟར་བྱས་ནས་ད་བར་རྒྱ་གར་གྱི་ས་ཆ་མང་པོ་ཞིག་རྒྱ་ནག་ཕྱོགས་ལ་ཤོར་ཚར་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༧/༡༢

Leave a Reply