རྒྱ་ནག་གི་བདེ་སྲུང་བློན་ཆེན་ཟུར་པ་ཞིག་ལ་ཉེས་ཆད་ཕོག

རྒྱ་ནག་དམར་ཤོག་ཚོགས་པའི་བདེ་སྲུང་བློན་ཆེན་ཟུར་པ་ཁྲང་ཝན་ཆན་ཟེར་བ་ཞིག་གིས་མཐོ་རིམ་དཔོན་རིགས་དང་ངན་འབྲེལ་བྱས་ཏེ་ལྐོག་ཟ་རུལ་སུངས་བྱས་པའི་དོགས་གཞིའི་འོག་རྒས་ཡོལ་ཐོབ་ཐང་བཅག་ནས་གནས་གཞན་དུ་སྤོར་བཅུག་ཡོད་འདུག ཁ་སང་ཕྱི་ཚེས་ ༡༡ ཉིན། རྒྱ་ནག་དམར་ཤོག་ཚོགས་པའི་བདེ་སྲུང་བློན་ཆེན་ཟུར་པ་ཁྲང་ཝན་ཆན་(Chang Wanquan)ཞེས་པ་ཞིག་གིས། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་སྤྱི་ཆེན་མོ་ཟུར་པ་གོ་པའོ་ཞོང་(Guo Boxiong)དང་། རྒྱ་ནག་དབུས་དམག་སྲིད་ལྷན་ཁང་གི་ཚོགས་གཞོན་ཞེ་ཚའེ་ཧུའུ་ (Xu Caihou)གཉིས་དང་ངན་འབྲེལ་བྱས་ཏེ། ལྐོག་ཟ་རུལ་སུངས་བྱས་ཡོད་པའི་དོགས་གཞིའི་འོག་རྒས་ཡོལ་ཐོབ་ཐང་བཅག་ནས་གནས་གཞན་དུ་སྤོར་བཅུག་ཡོད་པའི་གནས་ཚུལ་ཐོན་འདུག་ལ། གོང་བརྗོད་དཔོན་པོ་དེ་གཉིས་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཆེན་པོ་ཕོག་སྟེ་གོ་ལ་ཚེ་བཙོན་གྱི་ཁྲིམས་ཆད་དང་། ཞེ་པེ་ཅིན་གྱི་གསུམ་ཀླད་ཀོར་གཅིག་གི་སྨན་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཕྱི་ཕྱོགས་ཀྱི་གསར་ལམ་ཁག་ནས་ཁོས་རང་ཤི་བརྒྱབས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།

ཁྲང་ཝན་ཆན་གྱི་གནད་དོན་སྐོར་ལ་རྒྱ་ནག་དབུས་གཞུང་ནས་ད་ལྟའི་ཆར་གང་ཡང་བརྗོད་མེད་ན་ཡང་། རྒྱ་ནག་དམག་གཞུང་དང་འབྲེལ་བ་ཡོད་པའི་མི་ཞིག་གིས། ཁྲང་ཝན་ཆན་རྒན་ཡོལ་སྐབས་ཀྱི་ཆ་རྐྱེན་མང་པོ་ཞིག་མེད་པ་བཟོས་ཡོད་པ་མ་ཟད། ཁོང་གི་སྡོད་གནས་སོགས་ས་གནས་གཞན་དུ་སྤོར་བཅུག་ཡོད་པ་དང་། གནད་དོན་དེས་ཁོང་གོ་གནས་ནས་གཡུགས་པ་མཚོན་ཡོད་སྐོར་དང་། ཡང་འབྲེལ་ཡོད་གཞན་ཞིག་གིས་ཁྲང་ཝན་ཆན་གྱི་ཉེས་པ་ཧ་ཅང་ཚབས་ཆེན་ཡིན་པ་ད་ང། ཁོ་ལྐོག་ཟ་རུལ་སུངས་དང་འབྲེལ་བ་ཡོད་པ་ད་བར་དུ་ཤེས་རྟོགས་བྱུང་མེད་པ་དང་། ད་ལྟའི་ཆར་ཁོ་བཀག་ཉར་ཁང་སོགས་སུ་མ་འཁྲིད་པར་གོ་གནས་ཕབ་ནས་བཞག་ཡོད་ཀྱང་། གནད་དོན་ཆེན་པོ་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག

གཞན་ཡང་། རྒྱ་ནག་མི་མང་བཅིངས་འགྲོལ་དམག་གི་ཁོངས་གཏོགས་ཡིན་པའི་འབྲེལ་ཡོད་ཅིག་གིས། ད་ལྟའི་ཆར་རྒྱ་ནག་མི་མང་བཅིངས་འགྲོལ་དམག་ཁོངས་ཀྱི་མཐོ་རིམ་དཔོན་རིགས་མང་པོ་ཞིག་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་འབྲེལ་ནས་གོ་གནས་ནས་གཡུག་གི་ཡོད་ཀྱང་།  རྒྱ་ནག་དབུས་གཞུང་གིས་གནད་དོན་དེ་དག་ཡོངས་བསྒྲགས་བྱེད་ཀྱི་མེད་པ་དང་། ཕྱོགས་གཅིག་ནས་བཅིངས་འགྲོལ་དམག་གི་གཙོ་འཛིན་ཞི་ཅིན་ཕིན་ཡིན་པས་ནང་ཁུལ་གྱི་ཟིང་རྙོག་རིགས་ཕྱི་ལ་བསྒྲགས་ནས་གནད་དོན་མི་ལྷག་ཐབས་དང་། མཐོ་རིམ་མགོ་འཁྲིད་མང་པོ་ཞིག་གོ་གནས་ནས་གཡུགས་པ་ལས་འཛིན་བཟུང་འདྲི་རྩད་རིགས་དང་བཙོན་ཁང་སོགས་སུ་བཅུག་མེད་པ་དེས་དམག་ཁོངས་ལ་བརྡབ་གསིག་མི་བཟོ་ཆེད་ཡིན་སྐོར་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་དམག་ཁོངས་ལ་གནས་ཚུལ་མང་པོ་བྱུང་གི་ཡོད་ཀྱང་། དེ་དག་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཡོངས་བསྒྲགས་མི་བྱེད་དོན་ནི་ལོ་འདིར་ཞི་ཅིན་ཕིན་གྱིས་དམག་དོན་དང་འབྲེལ་བའི་གཏམ་བཤད་ཤུགས་ཆེན་བྱས་པ་དང་། ལྷག་པར་དུ་དམག་འཐབ་ཀྱི་ཐད་ནས་དམག་མི་ཚང་མ་གཅིག་སྒྲིལ་མཉམ་རུབ་ཡིན་སྐོར་བརྗོད་པ་སོགས་ཀྱིས་ཡིན་པ་དང་། རྒྱ་ནག་གི་སྟོབས་ཤུགས་ཉམས་ཉེས་ཀྱི་གཞི་རྩ་དམག་གཞུང་ལ་ཐུག་ཡོད་པ་དང་། ཕྱི་ནང་གཉིས་ལ་ངོམ་སོ་དང་རྔམ་ཤུགས་སྟོན་བྱེད་ཀྱང་དམག་གཞུང་ཡིན་པས་དམག་ཁོངས་སུ་ཟིང་རྙོག་རིགས་མི་ཡོང་བར་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད།

ཕྱི་ལོ་ ༢༠༡༢ ནས་ཞི་ཅིན་ཕིན་རྒྱ་ནག་གི་མགོ་འཁྲིད་ཆགས་པ་ནས་སྟག་དང་སྦྲང་མ་མཉམ་རྡུང་གི་ལས་འགུལ་སྤེལ་མགོ་ཚུགས་ཡོད་པ་དང་། ད་ལྟའང་མུ་མཐུད་ལས་འགུལ་དེ་སྤེལ་བཞིན་ཡོད་པ་རེད།  མང་པོ་ཞིག་གིས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་ནི་ནང་ཁུལ་གྱི་འཐབ་རྩོད་ཙམ་ལས་ཕན་ནུས་གང་ཡང་ཐོན་མེད་སྐོར་བཤད་ཀྱི་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༩ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ཏང་གི་ཚོགས་ཆེན་ཟེར་བའི་སྟེང་ཞི་ཅིན་ཕིན་གྱིས། ཏང་ཡོན་ལས་བྱེད་ཚོས་སྤྱོད་གཙང་འགན་ལེན་ལྡན་པའི་དཔོན་རིགས་ཤིག་བྱེད་དགོས་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པར་འགན་འཁུར་དགོས་པ་དང་། འགན་འཁྲི་ཡག་པོ་འཁུར་ནས་རུལ་སུངས་ཀྱི་གནད་དོན་ལྗིད་མོར་འཕྲད་སྐབས་ལག་པ་འཆང་ཐུབ་པ་དང་། དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ་དང་ངོ་བོ་འགྱུར་བའི་དཔོན་ངན་ཟ་རྔམ་ཅན་སུ་ཞིག་ཡིན་ཡང་གཏན་ནས་གཏོང་མི་རུང་བ་སོགས། ལྐོག་ས་རུལ་སུངས་ཀྱི་དམག་འཐབ་མུ་མཐུད་རྒྱག་དགོས་པའི་གཏམ་བཤད་སྤེལ་ཡོད་འདུག

གཏམ་བཤད་དེར་ཨེ་ཤ་ཡའི་གསར་འགྱུར་ཁང་ཞེས་པའི་ཐོག་དཔྱད་བརྗོད་ཅིག་སྤེལ་བའི་ནང་། ཞི་ཡི་གཏམ་བཤད་དེའི་ཁྲོད་འཐབ་རྩོད་ཀྱི་དམིགས་འབེན་ནི་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་ལེན་མཁན་གཅིག་པུ་ཙམ་མ་ཡིན་པར། ཆབ་སྲིད་ཐད་ནས་དམར་ཤོག་ཚོགས་པའི་བསམ་བློ་དང་ལམ་ལུགས་ལ་མི་འཐད་པ་ཚོ་ཚུད་ཡོད་པ་དང་། དེ་ནི་ལྐོག་ཟ་རུལ་སུངས་གཙང་བཟོའི་དམིགས་ཡུལ་ཙམ་མ་ཡིན་པར་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་ལ་དམིགས་པ་ཞིག་ཡིན་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༧/༡༢

Leave a Reply