༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་སྙིང་སྟོབས་གཟེངས་རྟགས་ཕུལ།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཕྱི་ལོ་ ༢༠༡༩ ལོའི་སྙིང་སྟོབས་གཟེངས་རྟགས་དེ་༧པཎ ཆེན་ཡང་སྲིད་མཆོག་ལ་ཕུལ།

ཁ་སང་ཕྱི་ཚེས་ ༡༢  ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱའི་བཙོན་ཁང་དུ་སྐུ་གྲོངས་ཏེ་ལོ་ངོ་ཧྲིལ་པོ་ ༤ འཁོར་བའི་ཉིན་མོ་དང་བསྟུན། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་བོད་རང་དབང་ཁང་པའི་ནང་། རིན་པོ་ཆེ་མཆོག་རྗེས་དྲན་གྱི་སྙིང་སྟོབས་གཟེངས་རྟགས་ཐེངས་ ༤ པ་འབུལ་བའི་མཛད་སྒོ་བསྡུས་ཡོད་པ་དང་། འདི་ལོའི་སྙིང་སྟོབས་གཟེངས་རྟགས་དེ་རྒྱ་ནག་གཞུང་གིས་དགུང་ལོ་ ༦ཙམ་ནས་བཙན་འཁྲིད་བྱས་སོང་བའི་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་ཕུལ་ཡོད་པ་དང་། དབྱིན་ཡུལ་དོན་གཅོད་བསོད་ནམས་བཀྲ་ཤིས་ལགས་ནས་རིན་པོ་ཆེ་མཆོག་གི་སྐུ་ཚབ་ཞུས་ཏེ་གཟེངས་རྟགས་བླངས་ཡོད་འདུག

འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐེངས་ ༤ པའི་འོས་མིའི་ཁོངས་སུ་བོད་ནང་གི་རྩོམ་པ་པོ་འབྲུག་ལོའམ་ཞོགས་ལྗང་ལགས་དང་། ༧པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག ལོ་ ༡༥ རིང་རྒྱའི་བཙོན་འོག་ཏུ་ཚུད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་འཇིགས་མེད་རྒྱ་མཚོ་ལགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་གསར་འཛུགས་མཁན་དང་རྩོམ་སྒྲིག་པ་དཀོན་མཆོག་ཚེ་དཔལ་ལགས། སྙན་ངག་པ་བཀྲ་ཤིས་རབ་བརྟན་ནམ་ཐེའུ་རང་ལགས་བཅས་བདམས་ཡོད་པ་རེད།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྙིང་སྟོབས་གཟེངས་རྟགས་དེ་ཉིད་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་ཕྱི་ལོ་ ༢༠༡༦ ལོར་ཐོག་མར་གསར་འཛུགས་ཀྱིས་ད་བར་བོད་ཀྱི་སྨན་པ་དང་ཆབ་སྲིད་བཙོན་ཟུར་ཡེ་ཤེས་ཆོས་སྒྲོན་ལགས་དང་། སྐད་ཡིག་གི་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས། དེ་བཞིན་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་བཅས་ལ་ཕུལ་ཡོད་འདུ

གཞན་ཡང་། ཉེ་བའི་ལོ་ངོ་ ༤ རིང་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པས་རིན་པོ་ཆེའི་བོད་མི་རིགས་ཀྱི་སྐད་དང་ཡི་གེ། ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་སྐུ་ཚེ་ཧྲིལ་པོ་བློས་བཏང་གནང་བ་ངོས་འཛིན་ཆེད། བཙན་བྱོལ་ནང་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ། དེ་བཞིན། ཉམ་ཐག་དང་དབང་པོ་སྐྱོན་ཅན་བཅས་ལ་གཟེངས་བསྟོད་དང་དགེ་སྦྱིན་གྱི་ལས་འགུལ་རིགས་ཀྱང་སྤེལ་བཞིན་ཡོད་འདུག

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༥༠ ཟླ་ ༩ ཚེས་ ༢༥ ཉིན་ལི་ཐང་རྫོང་བདེ་སྐྱིད་གྲོང་དུ་ཡབ་ཚེ་དཔག་རྡོ་རྗེ་དང་ཡུམ་སྒྲོལ་མ་ཆོས་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་གྱི་སྟེང་ལི་ཐང་དགོན་ཆེན་དུ་ཆོས་སྒོར་ཞུགས་ཡོད་པ་དང་། ཕྱི་ལོ་ ༡༩༨༢ ལོར་རྒྱ་གར་དུ་ཕེབས་ཏེ་༧གོང་ས་མཆོག་གི་བཀའ་དགོངས་ལྟར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཕེབས་ཡོད་པ་དང་། ཕྱི་ལོ་ ༡༩༨༣ ལོར་༸གོང་ས་མཆོག་ནས་དགེ་བཤེས་ཨ་དམ་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཕྱག་རྟགས་གནང་ཞིང་མཚན་ལ་བསྟན་འཛིན་བདེ་ལེགས་ཞེས་གསོལ། ཕྱི་ལོ་ ༡༩༨༧ ལོར་ཕ་ཡུལ་གྱི་སེར་སྐྱ་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱིར་ཕ་ཡུལ་དུ་ཕེབས་ཏེ་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ཡར་སྐུལ། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་སླད་དགོན་པ་དང་སློབ་གྲྭ་གསར་བཞེངས་སོགས་ཀྱི་ཕྱག་ལས་རླབས་ཆེན་གནང་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁྲིན་ཏུའུ་ཡི་འབར་གས་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༧ ཉིན་གྱི་དགོང་མོར་རྒྱ་གཞུང་ཉེན་རྟོག་པས་རིན་པོ་ཆེ་མཆོག་གློ་བུར་དུ་ཉག་ཆུ་རྫོང་ཁོངས་ནས་འཛིན་བཟུང་བྱས་ཏེ། རྒྱའི་བཙོན་ཁང་དུ་མི་ལོ་ ༡༣ རིང་སྡུག་སྦྱོར་མནར་གཅོད་མྱངས་རྗེས།  ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ཟིན་པའི་གནས་ཚུལ་བསྒྲགས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༧/༡༣

Leave a Reply