འབུ་བླ་མ་མ་ཎིའི་ལས་གཞི་མཚམས་འཇོག་བྱས་ཟིན་ཟེར།

གྷུ་གྷལ་བཟོ་ཚོང་ཁང་གིས་རྒྱ་ནག་གཞུང་གི་དམ་དྲག་སྲིད་བྱུས་ལ་སྟབས་བསྟུན་གྱིས་འབུ་བླ་མ་མ་ཎིའི་འཚོལ་བཤེར་མ་ལག་ཟེར་བ་ཞིག་བཟོ་བཞིན་ཡོད་པ་དེ་རྦད་དེ་མཚམས་བཞག་ཡོད་སྐོར་བརྗོད་འདུགཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་འཛིན་ལྷན་ཚོགས་ཀྱི་རྩ་ཁྲིམས་ཞིབ་བཤེར་ཚོགས་ཆུང་གིས་གྷུ་གྷལ་བཟོ་ཚོང་གི་ལས་དོན་བྱེད་ཕྱོགས་ཐད་ཉན་ཞིབ་ཚོགས་སྐབས། གྷུ་གྷལ་བཟོ་ཚོང་ཁང་གི་གཞུང་དོན་དང་སྤྱི་དམངས་སྲིད་བྱུས་ཚན་པའི་འགན་འཛིན་གཞོན་པ་ཀཱ་རན་བྷ་ཏི་ཡ་(Karan Bhatia)ཡིས། གྷུ་གྷལ་གྱིས་རྒྱ་ནག་ནང་འབུ་བླ་མ་མ་ཎིའི་འཚོལ་བཤེར་མ་ལག་བཟོ་རྒྱུའི་ལས་གཞི་དེ་མཚམས་འཇོག་བྱས་ཡོད་པ་མ་ཟད། འབྱུང་འགྱུར་རྒྱ་ནག་ནང་འཚོལ་བཤེར་མ་ལག་བཟོ་རྒྱུའི་འཆར་གཞི་མེད་སྐོར་བརྗོད་འདུག

ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་དང་བྷ་ཛི་ཧྥི་ཌི་ (BuzzFeed News) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་བཤེར་ཚོགས་ཆུང་གི་ཉན་ཞིབ་ཐོག གྲོས་ཚོགས་གོང་མའི་འཐུས་མི་ཇོ་ཤི་ཧའོ་ལེ་ (Josh Hawley) ཡིས་གྷུ་གྷལ་གྱི་རྒྱ་ནག་དང་འབྲེལ་བའི་ལས་གཞིའི་སྐོར་འདྲི་རྩད་གནང་སྐབས། གྷུ་གྷལ་བཟོ་ཚོང་ཁང་གི་གཞུང་དོན་དང་སྤྱི་དམངས་སྲིད་བྱུས་ཚན་པའི་འགན་འཛིན་གཞོན་པ་ཀཱ་རན་བྷ་ཏི་ཡ་ཡིས། ང་ཚོས་འབུ་བླ་མ་མ་ཎིའི་ལས་གཞི་དེ་མཚམས་འཇོག་ (Terminate) བྱས་ཡོད། ཅེས་ལན་འདེབས་བྱས་ཡོད་པ་དང་། མ་འོངས་པར་གྷུ་གྷུལ་གྱིས་རྒྱ་ནག་ནང་བཀག་སྡོམ་རང་བཞིན་གྱི་མཉེན་ཆས་བཟོ་འཆར་ཡོད་མེད་དྲིས་པར། ང་ཚོར་རྒྱ་ནག་ནང་འཚོལ་བཤེར་མ་ལག་བཟོ་རྒྱུའི་འཆར་གཞི་མེད་ལ། ད་ལྟའི་ཆར་དེའི་སྐོར་གྱི་ལས་གཞི་གང་ཡང་ལག་བསྟར་བྱེད་ཀྱི་མེད། ཅེས་བརྗོད་འདུག

གྷུ་གྷལ་གྱི་འབུ་བླ་མ་མ་ཎིའི་ལས་གཞིའི་སྐོར་གྱི་གནས་ཚུལ་དེ་ཐོག་མར་ཨ་རིའི་ཨིན་ཊར་སེབ་ཊི་ (The Intercept) ཞེས་པའི་གསར་ཁང་གིས་སྤེལ་ཡོད་པ་དང་། ལས་གཞི་དེ་ཕྱིར་གྱར་རྗེས་རྒྱལ་སྤྱིའི་ཐོག་ནས་གླེང་སློང་དང་སྐྱོན་བརྗོད་ཤུགས་ཆེན་བྱུང་ཡོད་སྟབས། ཨ་རིའི་གྲོས་ཚོགས་ནས་གྷུ་གྷལ་བཟོ་ཚོང་ཁང་ལ་ཉན་ཞིབ་ཐེངས་འགར་གནང་ཡོད་པ་དང་། ཉན་ཞིབ་ཀྱི་གོ་སྐབས་དང་བསྟུན་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། ཡུ་གུར་བ། ཆོས་འཁོར་རྩྭ་རླུང་སྒོམ་སྒྲུབ་པ་སོགས་ཀྱིས་ངོ་རྒོལ་དང་ཞུ་འབོད་ཀྱི་ལས་འགུལ་བསྟུད་མར་སྤེལ་ཏེ། གྷུ་གྷལ་གྱིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུར་རོགས་འདེགས་བྱེད་ཀྱི་ཡོད་སྐོར་གྱི་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་ཡོད་པ་དང་། འདས་ལོའི་ལོ་མཇུག་ཙམ་ལ་གྷུ་གྷལ་གྱིས་འབུ་བླ་མ་མ་ཎིའི་ལས་གཞི་དེ་གནས་སྐབས་མཚམས་འཇོག་བྱས་ཡོད་སྐོར་བརྗོད་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་སོགས་ཀྱིས་ད་དུང་གྷུ་གྷལ་གྱིས་ལས་གཞི་དེ་ལག་བསྟར་བྱེད་ཀྱི་ཡོད་པའི་དོགས་པ་བྱས་ཡོད་པ་དང་། གྷུ་གྷལ་གྱིས་ཡོངས་གྲགས་ཐོག་ལས་གཞི་དེ་མཚམས་འཇོག་བྱས་ཡོད་ཅེས་བརྗོད་པ་ཐེངས་དང་པོ་ཡིན་འདུགའདས་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༡༡ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་བཤེར་ཚོགས་ཆུང་གིས་གྷུ་གྷལ་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན་སན་ཌར་པེ་ཆའེ་ (Sundar Pichai) ལ་གྷུ་གྷལ་གྱི་ལས་དོན་བྱེད་ཕྱོགས་སྐོར་ཉན་ཞིབ་བྱེད་སྐབས། སན་ཌར་པེ་ཆའེ་ཡིས། ང་ཚོས་ཁྲོམ་ར་གསར་པའི་ནང་རྒྱ་སྐྱེད་གཏོང་གི་ཡོད་ནའང་ཨ་རིའི་རྩ་བའི་རིན་ཐང་དག་ནམ་ཡང་བརྗེད་ཀྱི་མེད། ངས་སྣེ་འཁྲིད་པའི་བཟོ་ཚོང་ཁང་འདིས་ཆབ་སྲིད་ཐད་ཕྱོགས་རེས་མི་བྱེད་པར་མུ་མཐུད་ཐོན་རྫས་རྣམས་ཐོན་སྐྱེད་བྱ་རྒྱུ་ཡིན། ཆབ་སྲིད་ཀྱི་ཕྱོགས་རེས་ནི་ང་ཚོའི་རྩ་བའི་དམ་བཅའ་དང་ཚོང་གི་ཁ་ཕྱོགས་དང་འགལ་བ་རེད། ཅེས་དང་། གྷུ་གྷལ་ངོས་ནས་འབུ་བླ་མ་མ་ཎིའི་ལས་གཞིའི་ཐོག་འབད་བརྩོན་ཆེན་པོ་བྱེད་ཀྱི་མེད་སྐོར་སོགས་བརྗོད་ཡོད་པ་ལས། ལས་གཞི་མཚམས་འཇོག་བྱ་འཆར་ཡོད་མེད་གང་ཡང་བརྗོད་མེད་པ་རེད།

ལས་གཞི་དེ་ཕྱི་ལོ་ ༢༠༡༧ ཡི་ལོ་མགོ་ནས་མགོ་འཛུགས་ཀྱིས་གྷུ་གྷུལ་གྱི་སྤྱི་ཁྱབ་འགན་འཛིན་སན་དྷར་པེ་ཆའེ་ (Sundar Pichai) དང་། རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་ཚོ་ཡང་ཡང་ཐུག་འཕྲད་ཀྱིས་ཕྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ནས་བཟུང་ལས་གཞི་ལག་བསྟར་བྱ་རྒྱུ་ཇེ་མགྱོགས་སུ་བཏང་ཡོད་པ་མ་ཟད། དེའི་ཚབ་མཚོན་གྱི་མཉེན་ཆས་མའོ་ཐའེ་ (Maotai) དང་ལུང་ཧྥེ་ (Longfei) གཉིས་སྤྱི་ཚོགས་ནང་བཀྲམས་ཡོད་འདུག འཚོལ་བཤེར་མ་ལག་དེས་རྒྱ་ནག་གི་བཀག་སྡོམ་སྲིད་བྱུས་གཞིར་བཟུང་དམངས་གཙོ་དང་། དྲུག་བཞིའི་དོན་རྐྱེན། འགྲོ་བ་མིའི་ཐོབ་ཐང་། སྨྲ་བརྗོད་རང་དབང་སོགས་ཀྱི་ཚིག་འབྲུ་དང་། དེ་བཞིན་ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་དང་། ཝེ་ཁེ་རིག་མཛོད། བྱོལ་སོང་གི་གཞིས་ཀ་ (Animal Farm) ལྟ་བུ་དམར་ཕྱོགས་ཀྱི་ལྟ་བ་དང་འགལ་བའི་དཔེ་དེབ་དང་། འཁྲིག་སྤྱོད། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དྲ་བ་ངོ་དེབ་དང་པར་མཛོད་ (Instagram)། ཊི་ཝི་ཊར་སོགས་བཀག་སྡོམ་བྱས་ཡོད་སྐོར་བཀོད་ཡོད་པ་རེད།

དེ་སྔོན་འབུ་བླ་མ་མ་ཎིའི་ལས་གཞི་ཙམ་མ་ཡིན་པར་གྷུ་གྷལ་གྱི་ལས་གཞི་གཞན་གྱི་ཐོག་ལ་ཡང་གླེང་རྙོག་དང་སྐྱོན་བརྗོད་དྲག་པོ་ཕོག་ཡོད། དེ་ཡང་འདས་ལོར་གྷུ་གྷལ་གྱིས་ཨ་རིའི་གསང་བའི་ལས་ཁུངས་དང་མཉམ་འབྲེལ་གྱིས་བར་སྣང་ལྟ་ཞིབ་འཕུར་ཆས་ (Drone) ཀྱི་འཕྲུལ་ཆ་ཡར་རྒྱས་གཏོང་རྒྱུའི་ལས་གཞི་ཞིག་བརྩམས་པའི་གནས་ཚུལ་ཕྱིར་གྱར་བྱུང་བའི་རྐྱེན་གྱིས། གྷུ་གྷལ་གྱི་ལས་བྱེད་ ༤༠༠༠ ལྷག་གིས་བཟོ་ཚོང་ཁང་དེའི་གོང་རིམ་ལ་ལས་གཞི་དེ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་མིང་རྟགས་བཀོད་པའི་ཞུ་ཡིག་ཕུལ་ཡོད་པ་དང་། དེ་བཞིན་འདས་ལོར་གྷུ་གྷལ་གྱི་ལས་བྱེད་བརྒྱ་ཕྲག་མང་པོས་གྷུ་གྷལ་བཟོ་ཚོང་ཁང་ནས་རང་གི་ལས་བྱེད་རྣམས་ལ་ལས་དོན་ཁག་ཕྱི་གསལ་ནང་གསལ་བྱེད་དགོས་པའི་ཞུ་ཡིག་ཕུལ་བའི་ལས་འགུལ་ཞིག་སྤེལ་ཏེ།  འབུ་བླ་མ་མ་ཎིའི་ལས་གཞི་དེའང་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༧/༡༨

Leave a Reply