ཡུ་རོབ་མཉམ་འབྲེལ་མཐུན་ཚོཊ་ཀྱི་ཚོཊ་གཙོར་འཚམས་འདྲི་མཛད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འགན་འཛིན་ལྕམ་སོར་སོ་ལཱ་ཝན་དྷར་ལའེ་ཡན་ལགས་ལ་འཚམས་འདྲི་མཛད།ཁ་སང་ཕྱི་ཚེས་ ༡༨ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཟུར་པ་ལྕམ་ཨོར་སོ་ལཱ་ཝན་དྷར་ལའེ་ཡན་ (Ursula von der Leyen) ལགས། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འགན་འཛིན་དུ་འདེམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དེ་རྒྱལ་ཁབ་གཞན་གྱི་མིག་དཔེར་འགྱུར་ཆེད་ཕྱག་ལས་ཐམས་ཅད་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་མཛད་འདུག

དེ་ཡང་གསུང་འཕྲིན་ནང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་འདས་པའི་མི་ལོ་ ༦༠ ལྷག་གི་རིང་། སྙིང་སྟོབས་ཆེན་པོའི་ཐོག་ནས་ཚོགས་མི་རྒྱལ་ཁབ་རྣམས་དང་མངའ་ཁུལ་གྱི་ཞི་བདེ་གཅེས་སྲུང་གནང་བར་སྐུ་ཉིད་ལ་ཡི་རང་བསྔགས་བརྗོད་ཞུ་ཡི་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་གསར་འཛུགས་གནང་མཁན་རྣམས་ཀྱིས་མཉམ་འབྲེལ་དང་འགྲིག་འཇགས་ཀྱི་སྙིང་སྟོབས་འོག རྒྱལ་ཁབ་གཅིག་གི་ཁེ་ཕན་ལས་ཡུ་རོབ་སྤྱིའི་ཁེ་ཕན་གཙུགས་སུ་བཟུང་ཡོད་པ་དེ་ནི། ཕན་ཚུན་གཅིག་ལ་གཅིག་བརྟེན་ཤུགས་ཆེ་རུ་འགྲོ་བཞིན་པའི་གོ་ལ་འདིའི་ནང་གི་ཤེས་རབ་དང་གོ་རྟོགས་མཚོན་གྱི་ཡོད་པ་རེད། ངོས་ཀྱིས་རྒྱུན་དུ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལྟ་བུ་ཞིག་ཨ་ཧྥེ་རི་ཁ་གླིང་ཕྲན་དང་ལཱ་ཊན་ཨ་མི་རི་ཀ་ (Latin America) ། དེ་བཞིན་ཨེ་ཤ་ཡའི་ནང་བྱུང་ནས་རྒྱལ་སྤྱིའི་ནང་ཞི་བདེ་བརྟན་པོ་ཞིག་བྱུང་སྟེ། འཛམ་གླིང་ཞི་བདེར་སྲུང་སྐྱོབ་བྱེད་པའི་རེ་སྨོན་ཡོད། ཅེས་གསུངས་འདུག

ཡང་གསུང་འཕྲིན་དེའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་ཀྱིས་ཁྱེད་ཉིད་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འགན་འཛིན་བུད་མེད་ཐོག་མ་དེར་འདེམས་ཐོན་བྱུང་བར་འཚམས་འདྲི་དང་། ངོས་ཀྱི་ཡིད་ལ་གལ་སྲིད་ང་ཚོར་བུད་མེད་དབུ་ཁྲིད་མང་ཙམ་བྱུང་ཚེ། ང་ཚོའི་འཛམ་གླིང་འདི་སྔར་ལྷག་ཕན་ཚུན་ལ་བསམ་ཤེས་དང་ཞི་བདེའི་གནས་ཤིག་ཆགས་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ཅེས་དང་། གསུང་འཕྲིན་དེའི་མཇུག་ཏུ་མ་འོངས་བར་ལྕམ་སྐུ་ཨོར་ས་ལཱ་ཝན་དྷར་ལའེ་ཡན་ལགས་ཀྱིས་ཡུ་རོབ་མཐུན་ཚོགས་སྟོབས་ཆེན་དང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དེ་རྒྱལ་ཁབ་གཞན་གྱི་མིག་དཔེར་འགྱུར་ཆེད་ཕྱག་ལས་ཐམས་ཅད་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་གནང་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༧/༡༩

Leave a Reply