ཨ་རིས་ཀ་ཤི་མུར་གྱི་རྩོད་རྙོག་ལ་བར་འདུམ་བྱེད་པར་སྐྱོན་བརྗོད་བྱུང་།  

པཱ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་ལགས་ཀྱིས་སྲིད་འཛིན་ཊོམ་ཕུ་མཆོག་ལ་ཐུག་འཕྲད་གནང་བ་སོགས་ཉིན་གྲངས་གསུམ་རིང་ཨ་རིའི་ནང་རྒྱལ་དོན་གཟིགས་སྐོར་གནང་བཞིན་འདུགཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཊོམ་ཕུ་དང་པཱ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་རྣམ་གཉིས་ཀྱིས་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་སྲིད་འཛིན་ཊོམ་ཕུ་མཆོག་ནས་རྒྱ་གར་དང་པཱ་ཀི་སི་ཐན་ས་མཚམས་ཀ་ཤི་མུར་གྱི་རྩོད་རྙོག་སེལ་ཐབས་བྱེད་འདོད་ཡོད་ཚེ། ཨ་རིའི་ངོས་ནས་རོགས་རམ་གནང་འདོད་ཡོད་སྐོར་གསུངས་ཡོད་པ་དང་། དེ་སྔོན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ནས་ཀྱང་ཨ་རིར་དེ་ལྟར་རེ་སྐུལ་གནང་ཡོད་སྐོར་གསུངས་ཡོད་སྟབས། རྒྱ་གར་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པ་ཀོང་རི་སེ་ནས་མུ་དྷི་ཡིས་རྒྱ་གར་གྱི་མངོན་འདོད་ལ་རྒྱབ་འགལ་བྱས་ཡོད་སྐོར་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ནས་ཉིན་གྲངས་ ༣ རིང་། པཱ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་ (Imran Khan) ལགས་ཀྱིས་ཨ་རིའི་ནང་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་ཡོད་པ་དང་། ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཊོམ་ཕུ་མཆོག་དང་ཐུག་འཕྲད་གནང་གྲུབ་རྗེས། མཉམ་འབྲེལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག གསར་འགོད་པས་སྲིད་བློན་ཨིམ་རན་ཁན་ལགས་སུ་ལོ་ངོ་ ༧༠ ཙམ་གྱི་ཀ་ཤི་མུར་གྱི་དཀའ་རྙོག་ཨ་རིའི་སྲིད་འཛིན་གྱིས་སེལ་ཐུབ་མིན་དྲིས་པར་ཁོང་གིས། ངས་སྲིད་འཛིན་ཊོམ་ཕུ་མཆོག་ལ་རེ་སྐུལ་ཞུ་རྒྱུ་ཡིན། ཨ་རི་ནི་འཛམ་གླིང་གི་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པས།  ཨ་རིས་ཁུལ་དེ་ཞི་བདེར་འགོད་པར་ཆ་ཤས་གལ་ཆེན་ཞིག་ལེན་ཐུབ་ངེས་རེད། ཀ་ཤི་མུར་གྱི་རྩོད་རྙོག་ནི་མི་གྲངས་ཐེར་འབུམ་གཅིག་ལྷག་དང་འབྲེལ་ཡོད་པ་དང་། སྲིད་འཛིན་ཊོམ་ཕུ་མཆོག་གིས་དབུ་འཁྲིད་པའི་འཛམ་གླིང་གི་སྟབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཨ་རི་ཁོ་ནས་རྒྱལ་ཁབ་གཉིས་ཕྱོགས་གཅིག་ཏུ་འཁྲིད་ཐུབ་པ་རེད་བསམ་གྱི་འདུག ང་ཚོས་ཀ་ཤི་མུར་ཀྱི་རྩོད་རྙོག་སེལ་བར་ཐབས་ཤེས་ཡོད་རྒུ་བྱས་པ་རེད། ང་ཚོའི་ཕྱོགས་ནས་རྒྱ་གར་དང་མཉམ་དུ་མི་མཐུན་པ་རྣམས་གྲོས་མོལ་བརྒྱུད་སེལ་བའི་གྲོས་མགོ་ཡོད་ཚད་བཏོན་ཡོད་ནའང་། སྟབས་མ་ལེགས་པར་ང་ཚོས་མདུན་སྐྱོད་ཙམ་ཡང་བྱེད་ཐུབ་ཡོད་པ་མ་རེད། སྲིད་འཛིན་ཊོམ་ཕུ་མཆོག་ནས་གནད་དོན་འདིའི་ཐད་ཤུགས་གནོན་གནང་རྒྱུ་ངའི་རེ་བ་ཡིན། ཞེས་གསུངས་འདུག

དེའི་ཐད་སྲིད་འཛིན་ཊོམ་ཕུ་མཆོག་གིས། བདུན་ཕྲག་གཉིས་ཙམ་གྱི་གོང་དུ་ང་དང་སྲིད་བློན་མུ་དྷི་གཉིས་ཀྱིས་གནད་དོན་འདིའི་ཐད་གླེང་སློང་བྱས་པ་ཡིན། སྐབས་དེར་ཁོང་གིས་ང་བར་འདུམ་པར་འདུག་འདོད་ཡོད་མེད་དྲིས་སོང་ལ། ངས་གང་དུ་བར་འདུམ་བྱེད་དགོས་མིན་དྲིས་པར་ཁོང་གིས་ཀ་ཤི་མུར་ལ་དགོས་པ་དང་། ཀ་ཤི་མུར་གྱི་གནད་དོན་འདི་ཡུན་རིང་ལྷག་ཡོད་སྐོར་གསུངས་བྱུང་། ཞེས་དང་། ཁོང་གིས་བར་འདུམ་བྱེད་པར་སྲིད་བློན་མུ་དྷི་མཆོག་ལ་གནད་དོན་དེ་དང་འབྲེལ་ནས་གྲོས་བསྡུར་དགོས་སྐོར་གསུངས་འདུག

དེ་རིང་ཨ་རིའི་ (Fox News) གསར་ཁང་ལ་པཱ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་ (Imran Khan) ལགས་ཀྱིས། རྒྱ་གར་དང་པཱ་ཀི་སི་ཐན་གཉིས་ཁོ་ནས་པཱ་ཀི་སི་ཐན་གྱི་རྩོད་རྙོག་དེ་སེལ་ཐུབ་ཐབས་མེད་སྐོར་དང་། ཕྱོག་གཉིས་ནས་དཔལ་ཡོན་དར་བའི་ཁྱིམ་མཚེས་ལྟ་བུར་གནས་མ་ཐུབ་པའི་རྒྱུ་མཚན་ནི་ཀ་ཤི་མུར་གྱི་དཀའ་རྙོག་ལས་བྱུང་སྐོར་སོགས་གསུངས་འདུག

སྲིད་འཛིན་མུ་དྷི་མཆོག་ནས་བར་འདུམ་དགོས་པའི་ཐུགས་རེ་བཏོན་པ་དེའི་ཐད་རྒྱ་གར་གྱི་གྲོས་ཚོགས་ནང་ཕྱོགས་འགལ་སྲིད་དོན་ཚོགས་པ་ཀོང་རི་སེ་ཡིས། པཱ་ཀི་སི་ཐན་དང་རྒྱ་གར་གྱི་ཀ་ཤི་མུར་གྱི་དཀའ་རྙོག་དེ་རྒྱལ་ཁབ་གཉིས་ཀྱི་དཀའ་རྙོག་ཡིན་པས། རྒྱལ་ཁབ་གཉིས་རང་ངོས་ནས་སེལ་དགོས་པ་ལས་རྒྱལ་ཁབ་གཞན་ཞིག་བརྒྱུད་སེལ་ཐབས་མེད་སྐོར་སོགས་བརྗོད་ཀྱི་ཡོད་པ་དང་། གྲོས་ཚོགས་ནང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ (S Jaishanakar) ལགས་ཀྱིས། སྲིད་བློན་མུ་དྷི་མཆོག་ནས་ཨ་རིའི་སྲིད་འཛིན་མཆོག་ལ་དེ་ལྟར་རེ་སྐུལ་གནང་མེད་སྐོར་བརྗོད་ཡོད་པས། ཕྱོགས་འགལ་སྲིད་དོན་ཚོགས་པའི་འཐུས་མི་ཚོས་གལ་སྲིད་རེ་སྐུལ་དེ་འདྲ་གནང་མེད་ཚེ་ཡོངས་ཁྱབ་གསལ་བསྒྲགས་དགོས་སྐོར་བརྗོད་ཀྱི་ཡོད་འདུགདེ་རིང་ཕྱི་ཚེས་ ༢༣ ཉིན། ཉེ་སྔོན་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་ནས་རྩ་དགོངས་ཞུ་རྒྱུ་ཡིན་ལུགས་བསྒྲགས་པའི་རཱ་ཧུལ་གྷན་ངྷིའི་ (Rahul Gandhi) སྒེར་གྱི་ཊི་ཝེ་ཊར་སྤྱི་ཚོགས་དྲ་ལམ་དུ། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་སྲིད་བློན་མུ་དྷི་ཡིས་རྒྱ་གར་དང་པཱ་ཀི་སི་ཐན་གྱི་ཀ་ཤི་མིར་དཀའ་རྙོག་ལ་བར་འདུམ་དགོས་པའི་རེ་སྐུལ་བྱས་ཡོད་ལུགས་བརྗོད་ཡོད་པ་རེད། གལ་སྲིད་གནས་ཚུལ་དེ་བདེན་ན་སྲིད་བློན་མུ་དྷི་ནས་རྒྱ་གར་གྱི་མངོན་འདོད་དང་ཕྱི་ལོ་ ༡༩༧༢ ལོའི་སིམ་ལའི་ཆིངས་ཡིག་ལ་རྒྱབ་འགལ་བྱས་པ་རེད། ཅེས་བརྗོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གི་གདན་ཞུ་ལྟར། ད་ལན་པཱ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་མཁན་ལགས་ཀྱིས་ཨ་རིའི་ནང་ཉིན་གྲངས་ ༣ རིང་་སྐོར་སྐྱོད་གནང་གི་ཡོད་པ་དང་། སྲིད་འཛིན་ཊོམ་ཕུ་མཆོག་དང་ཐུག་འཕྲད་སྐབས་ཨབ་གྷན་ཁུལ་གྱི་གཙོས་ལྷོ་ཨེ་ཤ་ཡའི་ནང་ཞི་བདེ་དང་། ཕྱོགས་གཉིས་བར་གྱི་མཉམ་ལས་གོང་འཕེལ་དུ་གཏོང་ཐབས་དང་། འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་དང་བདེ་འཇགས་སྲུང་སྐྱོབ།  གློག་ནུས་མཁོ་འདོན། ཚོང་འབྲེལ་སོགས་ཀྱི་གྲོས་མོལ་གནང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༧/༢༣

Leave a Reply