རྒྱ་ནག་གཞུང་གིས་དུས་རབས་གསར་པའི་རྒྱལ་སྲུང་སྲིད་བྱུས་བཏོན་འདུག

རྒྱ་ནག་གཞུང་གི་དུས་རབས་གསར་པའི་རྒྱལ་སྲུང་སྲིད་བྱུས་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་པའི་ནང་བོད་དང་ཐའེ་ཝན་རང་བཙན། ཤར་ཏུར་ཀི་སི་ཐན་གསར་འཛུགས་བཅས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་ཁ་བྲལ་བ་མེད་པར་བཟོ་རྒྱུ་་ཡིན་སྐོར་བརྗོད་འདུགདེ་རིང་ཞོགས་པར་རྒྱ་ནག་གཞུང་གིས་དུས་རབས་གསར་པའི་རྒྱལ་སྲུང་སྲིད་བྱུས་(China’s National Defense in the New Era) ཞེས་པའི་རྒྱལ་སྲུང་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ཅིག་སྒོ་འབྱེད་བྱས་ཡོད་པ་དང་།  ད་ལན་གྱི་ཤོག་གྲངས་ ༥༡ ཅན་གྱི་རྒྱལ་སྲུང་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་དེ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༨ ནས་མགོ་འཛུགས་ཀྱིས་རྒྱལ་སྲུང་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ཀྱི་འདོན་ཐེངས་ ༡༠ པ་དེ་ཆགས་ཡོད་པ་དང་། དེབ་དེའི་ནང་རྒྱལ་སྤྱིའི་བདེ་སྲུང་གི་གནས་སྟངས་དང་། དུས་རབས་གསར་པའི་རྒྱ་ནག་གི་འགོག་རྒོལ་རང་བཞིན་གྱི་རྒྱལ་སྲུང་སྲིད་བྱུས། དུས་རབས་གསར་པའི་རྒྱ་ནག་གི་དམག་དཔུང་གིས་སྒྲུབ་དགོས་པའི་དམིགས་འབེན་དང་ལས་འགན། རྒྱ་ནག་གི་རྒྱལ་སྲུང་དང་དམག་སྡེར་བཅོས་བསྒྱུར། འོས་ཤིང་འཚམ་པའི་རྒྱལ་སྲུང་འགྲོ་གྲོན་ཟེར་བ་དང་། མིའི་རིགས་སྤྱི་མཐུན་གྱི་མངོན་འདོད་བསྒྲུབ་རྒྱུར་གཞོལ་བ་ཟེར་བ་སོགས་ཀྱི་སྡེ་ཚན་ཆེན་པོ་དྲུག་ཏུ་ཆ་བགོས་བྱས་འདུག

དེབ་སྒོ་འབྱེད་ཀྱི་མཛད་སྒོ་དེའི་ཐོག རྒྱ་ནག་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་དང་དམག་དཔོན་རྒན་པ་ཝུ་ཆན་ (Wu Qian) ཟེར་བ་ཞིག་གིས། རྒྱབ་ཤ་དཀར་པོའི་དེབ་དེ་འདོན་དགོས་དོན་གཙོ་བོ་ནི། དུས་རབས་གསར་པའི་རྒྱ་ནག་གི་འགོག་རྒོལ་རང་བཞིན་ལྡན་པའི་རྒྱལ་སྲུང་སྲིད་བྱུས་སྐོར་ཞིབ་རྒྱས་བཀོད་པ་དང་འབྲེལ། རྒྱ་ནག་གིས་རང་གི་རྒྱལ་སྲུང་སྲ་བརྟན་དང་དམག་ཤུགས་བརྟན་པོ་ཡོང་རྒྱུར་དམིགས་པའི་ལས་གཞི་ཁག་གི་དགོས་པ་དང་དམིགས་ཡུལ་སྐོར་ལ་འགྲེལ་བརྗོད་ཀྱིས། རྒྱ་ནག་གི་རྒྱལ་སྲུང་སྐོར་གྱི་ཤེས་རྟོགས་རྒྱ་བསྐྱེད་གཏོང་རྒྱུར་འབད་བརྩོན་བྱེད་ཆེད་ཡིན། ཞེས་དང་། དུས་རབས་གསར་པ་འདིར་རྒྱ་ནག་གི་རྒྱལ་སྲུང་དམིགས་འབེན་གཙོ་བོ་རྒྱལ་ཁབ་ཀྱི་ས་ཆའི་བདག་དབང་དང་། བདེ་སྲུང་། ཡར་རྒྱས་ཐད་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུར་གཞོལ་བ་ཞིག་ཡིན་པ་ལས། དབང་བསྒྱུར་དང་སྟོབས་ཤུགས་རྒྱ་བསྐྱེད་ལ་དམིགས་ཀྱི་མེད། ཅེས་དང་། རྒྱ་ནག་ཇི་ལྟར་ཡར་རྒྱས་སོང་ན་ཡང་། རྒྱལ་ཁབ་གཞན་ལ་འཇིགས་སྐུལ་བྱེད་མི་སྲིད་པ་དང་། རྒྱ་ནག་གིས་དུས་རྒྱུན་དུ་འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་བཏང་སྟེ་རྒྱལ་སྤྱིའི་ཞི་བདེ་ལ་འབད་བརྩོན་བྱེད་ཀྱི་ཡོད་ལུགས་སོགས་བསྒྲགས་འདུག

ཐེངས་འདིའི་རྒྱབ་ཤ་དཀར་པོའི་ནང་བོད་རང་བཙན་དང་ཐའེ་ཝན་རང་བཙན་ལ་ངོ་རྒོལ་དང་། ཤར་ཏུར་ཀི་སི་ཐན་འཛུགས་བསྐྲུན་ལྟ་བུའི་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་རྣམས་མེད་པར་བཟོ་རྒྱུ་ཡིན་སྐོར་བཀོད་འདུག་པ་མ་ཟད། ཐའེ་ཝན་ལ་རང་བཙན་དགོས་པའི་ཁ་བྲལ་གྱི་སྟོབས་ཤུགས་དང་དེ་དག་གི་ལས་འགུལ་ནི་ཐའེ་ཝན་མཚོ་འགག་ལ་འཕྲད་བཞིན་པའི་ཉེན་ཁ་ཚབས་ཆེ་ཤོས་ཤིག་དང་། ཐའེ་ཝན་ཞི་བའི་ཐོག་ནས་རྒྱ་ནག་ནང་ཟླ་སྒྲིལ་ཡོང་བའི་འགོག་རྐྱེན་གཙོ་བོ་ཞིག་ཡིན་སྐོར་དང་། ཕྱི་ཕྱོགས་ནས་རྒྱུན་དུ་བོད་རང་བཙན་དང་ཤར་ཏུར་ཀི་སི་ཏན་གསར་འཛུགས་ཀྱི་ལས་འགུལ་རིམ་པར་སྤེལ་བཞིན་ཡོད་པ་དེས་རྒྱ་ནག་གི་རྒྱལ་སྲུང་དང་སྤྱི་ཚོགས་བརྟན་བརླིང་ལ་གནོན་འཚེ་གཏོང་གི་ཡོད་སྐོར་དང་། ཐའེ་ཝན་རྒྱ་ནག་དང་གཅིག་སྒྲིལ་བཟོ་རྒྱུ་དེ་རྒྱ་ནག་རྒྱལ་ཁབ་ཀྱི་གཞི་རྩའི་ཁེ་ཕན་ལ་ཐུག་ཡོད་སྟབས། ཕྱིའི་རྒྱལ་ཁབ་སུ་འདྲ་ཞིག་གིས་ཀྱང་དེར་ཐེ་བྱུས་མི་ཆོག་པ་དང་། བཅིངས་གྲོལ་དམག་གིས་རྒྱལ་ཁབ་ཀྱི་གཅིག་སྒྲིལ་སྲུང་སྐྱོབ་བྱེད་ཆེད་ཐབས་བྱུས་ཡོད་རྒུ་སྤྱད་དེ་ཐའེ་ཝན་རྒྱ་ནག་དང་ཁ་བྲལ་གཏོང་མཁན་ཚོ་ཕམ་ཉེས་གཏོང་ངེས་ཡིན་སྐོར་སོགས་བཀོད་འདུག

གཞན་ཡང་དེབ་དེའི་ནང་ཨ་རི་དང་དེའི་མནའ་འབྲེལ་རྒྱལ་ཁབ་དག་གིས་སོ་སོའི་དམག་གི་སྟོབས་ཤུགས་རྒྱ་བསྐྱེད་གཏོང་གི་ཡོད་པ་མ་ཟད། དམིགས་བསལ་ཨ་རིས་རྒྱལ་ཁབ་ཕན་ཚུན་བར་དམག་ཤུགས་ཀྱི་འགྲན་རྩོད་བསླངས་བ་དང་། རྡུལ་ཕྲན་མཚོན་ཆ་དང་། འཕྲུལ་སྐར། རང་སྲུང་མེ་ཤུགས་འཕུར་མདེལ་ཡར་རྒྱས། དམག་གི་འགྲོ་གྲོན་སྤར་བ་སོགས་བྱས་ཏེ། གོ་ལའི་དམག་གི་སྟོབས་ཤུགས་ཆ་སྙོམས་ཡོང་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་པ་དང་འབྲེལ། རྒྱ་ནག་འཛམ་གླིང་གི་དམག་དཔུང་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་དག་གི་ནང་ནས་ཀྱང་རང་སྲུང་གི་ཆེད་དུ་དམག་དོན་དེང་རབས་ཅན་དུ་བསྒྱུར་བཞིན་ཡོད་སྐོར་དང་། སྲིད་འཛིན་ཞི་ཅིན་ཕིན་གྱི་བཀའ་ལྟར་རྒྱ་ནག་གི་དམག་སྟོབས་སྔར་ལས་ཆེ་བ་དང་རྒྱལ་སྤྱིའི་རང་བཞིན་ཅན་དུ་བསྒྱུར་རྒྱུ་ཡིན་སྐོར་སོགས་བཀོད་འདུགཡང་རྒྱབ་ཤ་དཀར་པོའི་དེའི་ནང་ཕྱི་ལོ་ ༢༠༡༠ ནས་ ༢༠༡༧ བར་གྱི་རྒྱ་ནག་དམག་གི་འགྲོ་གྲོན་བཀོད་པ་ལྟར་ན། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གཞུང་གིས་དམག་གི་ཆེད་དུ་ཁྱོན་རྒྱ་སྒོར་ཐེར་འབུམ་ ༡༠༤༣།༢༣༧ བཏང་ཡོད་པ་དང་། དེ་ནི་རྒྱ་ནག་གི་ལོ་རེའི་རྒྱལ་ཡོངས་ཐོན་སྐྱེད་ཀྱི་བརྒྱ་ཆ་ ༡།༢༦ ཡིན་འདུག་པ་དང་། ཕྱི་ལོ་ ༢༠༡༠ ཡི་དམག་གི་འགྲོ་གྲོན་དེ་རྒྱ་སྒོར་ཐེར་འབུམ་ ༥༣༣།༣༣༧ ཡིན་པས་ལོ་ ༧ ནང་རྒྱ་ནག་གི་དམག་གི་འགྲོ་གྲོན་དེ་ལྡབ་གཅིག་ལྷག་གིས་འཕར་ཡོད་འདུག ཡིན་ནའང་། ཕྱི་ལོ་ ༢༠༡༠ ནས་ ༢༠༡༧ བར་གྱི་རྒྱ་ནག་གི་དམག་གི་ཆ་སྙོམས་འགྲོ་གྲོན་དེ་ལོ་རེའི་རྒྱལ་ཡོངས་ཐོན་སྐྱེད་ཀྱི་བརྒྱ་ཆ་ ༡།༣ ལས་མིན་པས།  དེ་ནི་ཨ་རི་དང་། ཨུ་རུ་སུ། རྒྱ་གར། དབྱིན་ཡུལ། ཧྥ་རན་སི་བཅས་ལས་ཉུང་བ་ཡིན་སྐོར་བརྗོད་འདུག

རྒྱལ་སྤྱིའི་དམག་དོན་གཙུག་ལག་སློབ་གྲྭ་ཆེན་མོ་(The International Institute for Strategy Studies)ཡིས། འདས་ལོའི་ཕྱི་ཟླ་ ༢ ཚེས ༡༤ ཉིན་བཏོན་པའི་ ༢༠༡༩ ལོའི་དམག་དོན་ཆ་སྙོམས་(The Military Balance 2019) ཞེས་པའི་སྙན་ཐོའི་ནང་གསལ་བ་ལྟར་ན། རྒྱ་ནག་གིས་ཕྱི་ལོ་ ༢༠༣༥ ནང་ཚུད་ལ་བཅིངས་གྲོལ་དམག་མི་དེང་རབས་ཅན་དུ་བསྒྱུར་རྒྱུ་དང་། ཕྱི་ལོ་ ༢༠༤༩ བར་རྒྱལ་སྤྱིའི་རང་བཞིན་གྱི་རྩེ་ཕུད་དམག་དཔུང་བཟོ་རྒྱུའི་དམིགས་ཡུལ་དེ་གང་མགྱོགས་འགྲུབ་ཐབས་བྱེད་ཀྱི་ཡོད་འདུག་ལ། རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ལྟར་ན་ཡང་ཕྱི་ལོ་ ༡༩༩༨ ནས་ ༢༠༡༨ བར་གྱི་རྒྱ་ནག་གི་ལོ་རེའི་དམག་གི་འགྲོ་གྲོན་དེ་ཆ་སྙོམས་བརྒྱ་ ༡༠ འཕར་ཡོད་པ་དང་། ཉེ་ཆར་ནས་བཟུང་མཚོ་དམག་དང་གནམ་དམག་གི་གོ་མཚོན་སོགས་ཡར་རྒྱས་ཤུགས་ཆེན་པོ་གཏོང་མགོ་བརྩམས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་རྒྱ་གཞུང་གིས་དམག་གི་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ ༡༦༨།༢ བཏང་སྟེ། འཛམ་གླིང་སྟེང་གི་དམག་གི་འགྲོ་གྲོན་མང་ཤོས་གཏོང་མཁན་ཨ་རིའི་རྗེས་ཀྱི་གཉིས་པ་དེ་ཆགས་ཡོད་སྐོར་བརྗོད་ཡོད་པ་དང་། དེ་བཞིན་སི་ཝི་ཌན་དུ་རྟེན་གཞི་བྱས་པའི་སི་ཊོག་ཧོམ་རྒྱལ་སྤྱིའི་ཞི་བདེ་ཞིབ་འཇུག་བསྟི་གནས་ཁང་(Stockholm International Peace Research Institute) གི་སྙན་ལྟར་ན། ཕྱི་ལོ་ ༢༠༡༨ ལོའི་འཛམ་གླིང་སྟེང་གི་དམག་གི་འགྲོ་གྲོན་མང་ཤོས་གཏོང་མཁན་གཉིས་པ་དེ་རྒྱ་ནག་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༧/༢༤

Leave a Reply

3 thoughts on “རྒྱ་ནག་གཞུང་གིས་དུས་རབས་གསར་པའི་རྒྱལ་སྲུང་སྲིད་བྱུས་བཏོན་འདུག

  1. ལ་དྭགས་ཡུལ་མི་

    དེ་ལྟར་བཏོན་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་ལ་ཉེན་ཁ་སླེབས་ཀྱི་ཡོད་པའི་རྟགས་རེད། ཉེན་ཁ་དང་རྒྱུ་མཚན་མེད་ན་དེ་ལྟར་བཏོན་དགོས་དོན་མིན་འདུག
    ཧཧཧཧ་་་་སྙིང་རྗེ།

  2. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་གི་སྡིག་ར་ལ་ང་ཚོ་ནམ་ཡང་འཇིག་མི་དགོས་པ་ནི་འཛམ་
    གླིང་གི་རྒྱལ་ཁབ་ཚང་མས་རང་སྲུང་བྱེད་ནུས་པ་འདོན་རྒྱུ་མེད་ན་
    མ་རྟོགས་འདོན་བཞིན་པ་དང་གཅིག་མཚུངས་ལས་གཞན་མ་མཐོང་ན་
    རྒྱ་ནག་ལ་འཇིག་དགོས་པ་གང་ཡང་མེད་པ་ནི་འཛམ་གླིང་གི་རྒྱལ་ཁབ་
    མང་ཆེ་བས་སྡུལ་ཁྲན་མཚོན་ཆ་བསོག་འཇོག་ཡོད་པས་འཛམ་གླིང་དམག་
    ཆེན་གསུམ་པ་ལངས་ན་རྒྱ་ནག་གཅིག་པོ་ཟུར་དུ་ལྷག་རྒྱ་མེད་པ་འཛམ་གླིང་
    དང་མཉམ་རང་ཤི་རྒྱག་རྒྱུ་ཡིན་པ་དེ་རྒྱ་ནག་གི་འགོ་འཁྲིད་ཚོའི་ངེས་པར་དུ་
    ཤེས་པ་བྱ་དགོས།