བདེ་ལེགས་སྨན་ཁང་གིས་ལུས་སྦྱོང་ཁང་ཞིག་སྒོ་འབྱེད་གནང་།

བོད་མིའི་འཕྲོད་བསྟེན་ཡར་རྒྱས་དང་ནད་རིགས་སྔོན་འགོག་ཆེད་བདེ་ལེགས་སྨན་ཁང་གིས་གངས་སྐྱིད་ཉེ་འགྲམ་དུ་ལུས་སྦྱོང་ཁང་ཞིག་གསར་དུ་སྒོ་ཕྱེས་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མཐུན་འགྱུར་འོག བདེ་ལེགས་སྨན་ཁང་གིས་ལུས་སྦྱོང་ཁང་ཞིག་གསར་དུ་སྒོ་འབྱེད་གནང་སོང་བ་དང་། མཛད་སྒོའི་སྟེང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་།འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་རྣམ་གཉིས་ཀྱི་གཙོའི་བདེ་ལེགས་སྨན་ཁང་གི་དབུ་འཛིན་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་།བདེ་ལེགས་སྨན་ཁང་གི་ལས་བྱེད་བཅས་འཛོམས་འདུག

འཕྲོད་བསྟེན་བཀའ་བློན་མཆོག་ནས་དུས་རྒྱུན་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་གསུམ་གསལ་གཟིགས་ཀྱི་བཀའ་སློབ་ལམ་སྟོན་ཕེབས་བསྡད་ཡོད་པ་ལྟར། ཕྱི་ལོ་༢༠༡༦ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དངོས་སུ་བོད་པའི་སྤྱི་ཚོགས་ནང་ནད་རིགས་སྔོན་འགོག་སོགས་ཀྱི་ཐད་འཐུས་ཤོར་འགྲོ་ཡི་ཡོད་པའི་བཀའ་སློབ་ནན་པོ་ཞིག་ཕེབས་ཡོད་པས།བཀའ་སློབ་ཕེབས་པ་བཞིན་འཕྲོད་བསྟེན་ལས་ཁུངས་གཙོའི་འཕྲོད་བསྟེན་ལས་ཁུངས་དང་འབྲེལ་བའི་ཚན་པ་ཁག་དང་།བདེ་ལེགས་སྨན་ཁང་དང་སྨན་རྩིས་ཁང་སོགས་ཚང་མས་ཧུར་ཐག་གིས་བོད་པའི་སྤྱི་ཚོགས་ཀྱི་ནད་རིགས་སྔོན་འགོག་དང་།སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཐད་ཧུར་ཐག་འབད་ཐག་བྱས་ཏེ་ལས་རིམ་མང་པོ་ཞིག་འགྲོ་བཞིན་ཡོད་པ་དང་།གཞི་རྩའི་དེ་དག་ཚང་མའི་དམིགས་ས་དེ་བོད་པའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡག་པོ་ཡོང་རྒྱུ་དེ་ཡིན་པ་དང་།འཕྲོད་བསྟེན་གྱི་གནས་བབ་ཡག་པོ་མེད་པ་ཡིན་ན་དཔལ་འབྱོར་དང་ཤེས་ཡོན།སོ་སོའི་ཁྱིམ་ཚང་སོགས་གང་ཐད་ནས་དོ་ཕོག་འགྲོ་བཞིན་ཡོད་པ་རེད།ཅེས་གསུངས་སོང་།
ཡང་ཁོང་གིས་ད་ལྟའི་ཆར་བོད་པའི་གཞིས་ཆགས་ཆེ་ཤོས་ཁག་ལས་སྦེལ་ཀོབ་དང་མོན་གྷོ་འདོད་རྒུ་གླིང་སོགས་ནང་ལུས་སྦྱོང་ཁང་བཙུགས་ཚར་ཡོད་པ་དང་། དེ་བཞིན་དགོན་སྡེ་ཁག་ནས་དྭང་དུ་བླངས་ཏེ་ལུས་སྦྱོང་ཁང་དང་ཆུ་རྩེད་བྱེད་ས་སོགས་གསར་འཛུགས་གནང་ཡོད་པ་དང་། ད་ལྟའི་ཆར་གཞིས་ཆགས་ཆེ་ཁག་ནས་ཆུང་བ་ཁག་ལ་རིམ་བཞིན་ལུས་སྦྱོང་ཁང་གསར་འཛུགས་ཀྱི་ལས་རིམ་འགྲོ་བཞིན་ཡོད་པ་དང་། དྷ་རམ་ས་ལ་ལྟ་བུར་མཚོན་ན། ཆར་དུས་སོགས་སུ་ཕྱི་ལ་ལུས་རྩལ་རྩེ་བར་འགྲོ་རྒྱུར་དཀའ་ངལ་ཆེན་པོ་ཡོད་པ་དང་། གཉིས་ནས་ས་ཆའི་ཆ་ནས་དཀའ་ངལ་ཞིག་ཡོད་པ་ལྟར། དེ་དག་གཞིར་བཞག་ནས་ད་ལོའི་སྔོན་རྩིས་ནང་ཁང་པ་རང་གི་ནང་ལོགས་ལ་ཡོད་པའི་ལུས་སྦྱོང་ཁང་དགོས་པའི་བཀའ་འཁྲོལ་ཞུས་པ་བཞིན་བཙུགས་ཐུབ་ཡོད་པ་དང་། ཁང་པའི་ནང་ལ་ཡོད་པའི་ལུས་སྦྱོང་ཁང་འདི་ལྟ་བུ་ཞིག་བོད་མིའི་སྒྲིག་འཛུགས་ངོས་ནས་དྷ་རམ་ས་ལ་དེ་ཐོག་དང་པོ་ཆགས་ཡོད་པ་རེད། ཅེས་གསུངས་སོང་།
ལུས་སྦྱོང་ཁང་དེ་གསར་འཛུགས་གནང་བར་འགྲོ་སོང་ག་ཚོད་ཕྱིན་ཡོད་མེད་སྐོར་ལ་བདེ་ལེགས་སྨན་ཁང་གི་དབུ་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། ལུས་སྦྱོང་ཁང་གི་ལུས་རྩལ་རྩེད་ཆས་རིགས་ཚང་མ་ཉོ་བར་ཧིན་སྒོར་འབུམ་ ༡༣དང་ཕྱེད་ཀ་ཞིག་ཕྱིན་ཡོད་པ་དང་། ད་ལྟའི་ཆར་ལུས་རྩལ་རྩེད་ཆས་གཅིག་ང་ཚོས་མ་ཤེས་པར་ཉོ་ཐུབ་མི་འདུག་མ་གཏོགས་གཞན་ལུས་སྦྱོང་ཁང་ཞིག་ལ་དགོས་པའི་ལུས་རྩལ་རྩེད་ཆས་མ་ཚང་བ་གཅིག་ཀྱང་མེད་པ་དང་།ཉོས་མེད་པའི་ལུས་རྩལ་རྩེད་ཆས་དེའང་གང་མགྱོགས་ཉོ་ཐུབ་པ་བྱ་རྒྱུ་ཡིན་སྐོར་དང་། སྤྱིར་ན་ལུས་སྦྱོང་ཁང་འདི་ཁེ་ཕན་ལེན་ས་ཞིག་མ་རེད་ལ་ཁེ་ཕན་དམིགས་བསལ་བ་ཞིག་ཡོད་པའང་མ་རེད། དེར་བརྟེན། བོད་མིའི་སྒྲིག་འཛུགས་ནང་དྭང་བླངས་ཀྱིས་ལུས་སྦྱོང་འཁྲིད་སྟོན་བྱེད་དགོས་ཟེར་མཁན་ཡོད་པས། དེ་དག་གིས་རེས་མོས་བྱས་ཏེ་ཁོམ་སྐབས་དང་བསྟུན་འཁྲིད་སྟོན་གནང་གི་རེད། ཅེས་གསུངས་སོང་།

ལུས་སྦྱོང་ཁང་དུ་ཐོ་འགོད་བྱེད་ཕྱོགས་དང་དུས་ཚོད་སྐོར་ལ་ཁོང་གིས། ལུས་སྦྱོང་ཁང་དུ་རྩེད་མོ་རྩེ་བའི་དུས་ཡུན་དེ་ཉིན་ལྟར་ཞོགས་པའི་ཆུ་ཚོད་ ༦ ནས་ ༩:༣༥ བར་དང་། ཕྱི་དྲོའི་ཆུ་ཚོད་  ༤ ནས་ ༨ པ་བར་ཡིན་པ་དང་། ལུས་སྦྱོང་ཁང་དུ་ཐོ་འགོད་བྱེད་པར་ཟླ་གཅིག་དང་གཉིས་ལ་ཧིན་སྒོར་༩༠༠དང་། ཟླ་བ་གསུམ་དང་དེ་ལས་མང་བར་ཐོ་འགོད་བྱས་ན་ཧིན་སྒོར་ ༨༠༠ དང་། ལོ་གཅིག་ལ་ཐོ་འགོད་བྱེད་མཁན་ཚོར་ཟླ་བ་གཉིས་ཆག་ཡང་གིས་ཧིན་སྒོར་ ༨༠༠༠ རེ་ཡིན་འདུག་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཡོད་མཁན་ཚོར་བརྒྱ་ཆ་ ༥༠ ཆག་ཡང་དང་། གཞན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་དང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས། ཁྲིམས་ཞིབ་པ་རྣམ་པ། རང་དབང་ལྡན་པའི་སྡེ་ཚན་གྱི་འགན་འཛིན་བཅས་ལ་རིན་མེད་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༧/༣༠

Leave a Reply

One thought on “བདེ་ལེགས་སྨན་ཁང་གིས་ལུས་སྦྱོང་ཁང་ཞིག་སྒོ་འབྱེད་གནང་།