རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་འགྲམ་དུ་དམག་སྦྱོང་བྱེད་ཀྱི་འདུག  

རྒྱ་ནག་གཞུང་གིས་དུས་རབས་གསར་པའི་རྒྱལ་སྲུང་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་དེ་བཏོན་ནས་ཉིན་ཤས་ལས་མ་འགོར་བར་ཐའེ་ཝན་མཚོ་འགག་ལ་བཙན་པོའི་དབང་བསྒྱུར་བྱེད་པའི་དམག་སྦྱོང་མགོ་བཙུགས་ཡོད་འདུགར྄ོའུ་ཊིར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་མི་མང་བཅིངས་གྲོལ་དམག་གིས་ཐའེ་ཝན་མཚོ་འགག་དང་ཐག་ཉེ་བའི་ཤར་རྒྱ་ནག་རྒྱ་མཚོའི་ཁུལ་དུ་བདུན་ཕྲག་གཅིག་ཙམ་རིང་དམག་སྦྱོང་མགོ་འཛུགས་བྱས་ཡོད་པ་དང་། རྒྱ་ནག་མཚོ་ཐོག་སྐྱེལ་འདྲེན་བདེ་འཇགས་ལས་ཁུངས་ཀྱིས་དམག་སྦྱོང་དེ་ནི་ཐའེ་ཝན་མཚོ་འགག་དབང་བསྒྱུར་ལ་དམིགས་ཏེ་བྱས་པ་ཡིན་སྐོར་བསྒྲགས་འདུག་ལ། ད་ལྟའི་ཆར་དམག་སྦྱོང་དེའི་ཆེད་དུ་རྒྱ་ནག་ཀོང་ཏུང་(Guangdong)དང་ཧྥུ་ཅན་(fujian)ཞིང་ཆེན་ནང་མཚོ་ཁུལ་གྱི་སྐྱེལ་འདྲེན་དང་འགྲུལ་སྐྱོད་ལ་བཀག་སྡོམ་བྱེད་ཀྱི་ཡོད་འདུག

གནད་དོན་དེའི་ཐད་ཐའེ་ཝན་རྒྱལ་སྲུང་བློན་ཆེན་གྱི་མགྲིན་ཚབ་པ་ཤཱ་ཤིན་ཝན(Shih Shun-wen)གྱིས། ཐའེ་ཝན་ཕྱོགས་ནས་དུས་རྒྱུན་གནམ་མཚོ་གཉིས་ཀྱི་བདེ་སྲུང་ཐད་ལྟ་སྲུང་བྱས་ནས་ཡོད་ལ། ཐའེ་ཝན་གཞུང་ལ་རང་ས་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་རང་དབང་། དམངས་གཙོ་དང་རང་སྲུང་གི་ནུས་སྟོབས་ཡོད་པར་གདེང་ཚོད་ཡོད་སྐོར་བརྗོད་ཡོད་པ་དང་།དེ་བཞིན་ཐའེ་ཝན་གྱི་མཚོ་དམག་གྲུ་གཟེངས་ཀྱི་འགན་འཛིན་ཟུར་པ་ལའོ་ལའེ་ཤཱ(Lu Li-shih)ཡིས་རྒྱ་ནག་གི་དམག་སྦྱོང་དེ་ཐའེ་ཝན་དང་རྒྱ་ནག་གི་མཚོ་འགག་དཀྱིལ་ཐིག་སྟེང་འཁེལ་ཡོད་པས། འདས་པའི་ནང་ཐའེ་པེ་དང་པེ་ཅིན་ཕྱོགས་གཉིས་ནས་ས་ཐིག་དེ་མི་བརྒལ་བའི་ཐབས་ལམ་བཏོན་ཡོད་སྐོར་བརྗོད་འདུག

ད་ལྟའི་ཆར་རྒྱ་ནག་བཅིངས་གྲོལ་དམག་གཞུང་ནས་གང་ཡང་བརྗོད་མེད་ན་ཡང་། ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གི་དམག་དོན་ཆེད་མཁས་པ་སོན་ཀྲོང་ཕིན(Song Zhongping)ཞེས་པ་ཞིག་གིས། ཐེངས་འདིར་རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་ཁུལ་དུ་དྲག་པོའི་དམག་སྦྱོང་ཤུགས་ཆེན་པོ་ཞིག་བྱེད་བཞིན་པའི་དམིགས་ཡུལ་གཙོ་བོ་ནི། གནད་འགག་གི་སྐབས་སུ་ཐའེ་ཝན་མཚོ་འགག་སྟངས་འཛིན་དང་། ཕྱིའི་རྒྱལ་ཁབ་ཁག་གིས་ཐའེ་ཝན་མཚོ་འགག་ལ་ཤུགས་རྐྱེན་སླེབ་བཞིན་པ་སོགས་ལ་ཉེན་བརྡ་ཞིག་ཡིན་སྐོར་བརྗོད་ཡོད་པ་དང་།ཡང་ཐའེ་ཝན་ནང་ཡོད་པའི་མཚོ་དམག་ཆེད་མཁས་པ་ཞིག་གིས། ཐེངས་འདིར་རྒྱ་ནག་གཞུང་གིས་དམག་སྦྱོང་དེ་ནི་ཉེ་སྔོན་ཐའེ་ཝན་གཞུང་གིས་ཨ་རི་ནས་མཚོན་ཆ་ཉོས་པ་དང་། ཨ་རིའི་མཚོ་དམག་གྲུ་གཟེངས་ཐའེ་ཝན་མཚོ་འགག་གི་གནད་འགག་ཆེ་ས་བརྒྱུད་བཏང་བ་སོགས་ཀྱིས་ཡིན་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་བཏོན་པའི་རྒྱ་ནག་གི་དུས་རབས་གསར་པའི་རྒྱལ་སྲུང་སྐོར་ཀྱི་རྒྱབ་ཤ་དཀར་པོའི་དེབ་ཅེས་པའི་ནང་། ཕྱིའི་སྟོབས་ཤུགས་ཀྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་དང་ཐའེ་ཝན་མཚོ་འགག་རྒྱ་ནག་ནས་ཁ་བྲལ་ཕྱོགས་སུ་འགྲོ་བ་སོགས་བྱུང་སྟེ། དགོས་མཁོ་བྱུང་བ་ཡིན་ན་ཐའེ་ཝན་མཚོ་འགག་དྲག་པོའི་དམག་གིས་དབང་བསྒྱུར་བྱ་རྒྱུ་ཡིན་ཞེས་དང་།ཡང་ཐའེ་ཝན་ལ་རང་བཙན་དགོས་པའི་ཁ་བྲལ་གྱི་སྟོབས་ཤུགས་དང་དེ་དག་གི་ལས་འགུལ་ནི་ཐའེ་ཝན་མཚོ་འགག་ལ་འཕྲད་བཞིན་པའི་ཉེན་ཁ་ཚབས་ཆེ་ཤོས་ཤིག་དང་།ཐའེ་ཝན་རྒྱ་ནག་དང་གཅིག་སྒྲིལ་བཟོ་རྒྱུ་དེ་རྒྱ་ནག་རྒྱལ་ཁབ་ཀྱི་གཞི་རྩའི་ཁེ་ཕན་ལ་ཐུག་ཡོད་སྟབས།བཅིངས་གྲོལ་དམག་གིས་རྒྱལ་ཁབ་ཀྱི་གཅིག་སྒྲིལ་སྲུང་སྐྱོབ་བྱེད་ཆེད་ཐབས་བྱུས་ཡོད་རྒུ་སྤྱད་དེ་ཐའེ་ཝན་རྒྱ་ནག་དང་ཁ་བྲལ་གཏོང་མཁན་ཚོ་ཕམ་ཉེས་གཏོང་ངེས་ཡིན་སྐོར་བཀོད་ཡོད་པ་རེད།

རྒྱ་ནག་གཞུང་གིས་ནམ་རྒྱུན་ཐའེ་ཝན་མཚོ་འགག་ལ་ཐེ་བྱུས་བྱེད་བཞིན་ཡོད་ན་ཡང་། སྔ་ལོར་ཨ་རྒྱའི་ཚོང་དམག་མགོ་ཚུགས་པ་ནས་ཨ་རིའི་ཕྱོགས་ནས་ཐའེ་ཝན་མཚོ་དམག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་། ཐའེ་ཝན་གྱིས་ཨ་རིའི་ཕྱོགས་ནས་ཨ་སྒོར་ཐེར་འབུམ་ ༢།༢ ཡི་མཚོན་ཆ་ཉོས་པ་སོགས་ཀྱིས། རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་ཁུལ་དུ་ཐེ་བྱུས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་། ད་ལྟའི་ཆར་ཐའེ་ཝན་ནི་ཨ་རྒྱ་གཉིས་ཀྱི་རྩོད་གཞི་དག་ལས་གཙོ་བོ་ཞིག་ཆགས་ཡོད་པ་དང་། ཨ་རྒྱ་གཉིས་ཀྱི་ཚོང་དམག་མགོ་ཚུགས་པ་དང་མཉམ་དུ། ཨ་རི་དང་རྒྱ་དམག་གིས་ཕྱོགས་གཉིས་ཀྱི་གནད་འགག་ཆེ་ས་ཁག་ལ་འགུལ་སྐྱོད་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་། ལྷག་པར་དུ་ཨ་རིས་རང་དབང་མཚོ་འགྲུལ་ལྟ་སྲུང་བྱེད་སའི་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་ཏུ་རྒྱ་ནག་གིས་དམག་ཤུགས་བཙན་ཤེད་ངོམ་པ་ཤུགས་ཆེ་རུ་གཏོང་བཞིན་པ་སོགས་ཀྱིས་ཨ་རིས་རྒྱ་ནག་ལ་ཚོར་བ་སྐྱེན་པའི་ས་གནས་ཁག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༧/༣༠

Leave a Reply

6 thoughts on “རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་འགྲམ་དུ་དམག་སྦྱོང་བྱེད་ཀྱི་འདུག  

  1. བོད་ཀྱི་དུས་བབས་ཟེར་བ་འདི་ཡང་་་རྒྱ་ནག་གི་འགྲན་ཚབ་པ་ཞིག་ཡིན་པས་ཆ་ནས་བཤད་ན་་་བདེན་པ་ཡོད་མ་རེད།