རྨ་ལྷོ་སོག་རྫོང་གཞིས་བྱེས་གཉིས་ནས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་ཕུལ།

རྨ་ལྷོ་སོག་རྫོང་གཞིས་བྱེས་བོད་མིའི་ཚབ་མཚོན་ཚོགས་ཆུང་ཞིག་གིས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་སོག་རྫོང་གི་ལོ་རྒྱུས་དང་དགོན་སྡེ་ཁག་ལྔ་ཡི་ལོ་རྒྱུས་མདོར་བསྡུས་གཟིགས་འབུལ་ཞུས་ཡོད་འདུགཁ་སང་བཞུགས་སྒར་༸རྒྱལ་བོའི་ཕོ་བྲང་དུ། རྨ་ལྷོ་སོག་རྫོང་གཞིས་བྱེས་བོད་མིའི་ཚབ་མཚོན་ཚོགས་ཆུང་ཞིག་གིས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་ཞིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་སླད་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཚོགས་ཆུང་དེས་ཕུལ་བའི་རྨ་ལྷོ་སོག་རྫོང་གི་ཡུལ་དགོན་དག་གི་ལོ་རྒྱུས་རགས་ཟིན་རྣམས་ལ་ཞིབ་གཟིགས་ཀྱིས་ལྗགས་ཀློག་མཛད་རྗེས། ལུང་རྟོགས་ཀྱི་བསྟན་པ་གཉིས་བོ་དེ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་མ་གཏོགས་དེ་ལས་ལོགས་སུ་མེད་པས་བསླབ་པ་སློབ་གཉེར་གནང་རྒྱུ་གལ་ཆེན་ཡིན་པའི་བཀའ་སློབ་བསྩལ་འདུག

རྨ་ལྷོ་སོག་རྫོང་གི་བསྔགས་ཆེན་ལགས་ཀྱིས་ཞལ་པར་བརྒྱུད་འདི་གའི་གསར་འགོད་པར། སྤྱིར་བཏང་ཐོག་མར་ང་ཚོས་བརྟན་བཞུགས་ཕུལ་བའི་སྐད་ཆ་བྱུང་ཡོད་ཀྱང་། དུས་དང་བརྒྱུད་རིམ་མང་པོ་ཞིག་བརྒྱུད་དགོས་ཀྱི་ཡོད་དུས་རྗེས་སུ་རྟེན་གསུམ་འབུལ་རྒྱུ་བྱས་པ་རེད། ང་ཚོས་སྙན་ཞུ་ལོ་གཅིག་གི་གོང་ནས་ཕུལ་བ་རེད། ཐོག་མའི་ཆར་རྒྱ་བལ་གཉིས་ཀྱི་ང་ཚོ་སོག་རྫོང་བ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མི་གྲངས་ཁྱོན་ ༡༦༠ ཡས་མས་ཤིག་ཡོང་རྒྱུའི་འཆར་གཞི་ཡོད་མོད། འོན་ཀྱང་། སྙན་ཞུ་ལ་ཆོག་མཆན་ཐོབ་སྐབས་མི་བཅུ་ལྷག་ཙམ་ལ་མ་གཏོགས་གོ་སྐབས་མི་འདུག་པས། ཕྱི་རྒྱལ་གྱི་སོག་རྫོང་བ་ཚོ་ཡོང་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། ང་ཚོས་གཙོ་བོ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་འབྲེལ། ང་ཚོའི་ཕ་ཡུལ་སོག་རྫོང་གི་ལོ་རྒྱུས་དང་དགོན་སྡེ་ཁག་ལྔ་ཡོད་པ་དེའི་ལོ་རྒྱུས་བཅས་༧གོང་ས་མཆོག་ལ་ཕུལ་རྒྱུ་བྱུང་བ་རེད། སྐབས་དེར་གོང་ས་མཆོག་ནས་སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་དང་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ན་འོ།། ཞེས་གསུངས་པ་ལྟར། སྟོན་པའི་དམ་ཆོས་ལུང་རྟོགས་ཀྱི་བསྟན་པ་གཉིས་ཡོད་པ་རེད། ལུང་རྟོགས་ཀྱི་བསྟན་པ་གཉིས་བོ་དེ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་མ་གཏོགས་དེ་ལས་ལོགས་སུ་ཡོད་པ་མ་རེད། དེ་འཛིན་བྱེད་དང་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ན་འོ།། གསུངས་པ་བཞིན་དཔེ་ཆ་ལྟ་རྒྱུ་དཔེ་གལ་ཆེན་པོ་རེད། ཅེས་བཀའ་སློབ་བསྩལ་ཡོད་སྐོར་སོགས་བརྗོད་བྱུང་།

གཞན་ཡང་། ཁ་སང་ཨ་རིའི་གྲོང་ཁྱེར་ཁ་ལི་ཧྥོ་ནེ་ཡའི་མངའ་སྡེའི་ཨ་ན་ཧེམ་(Anaheim)གྲོང་སྡེའི་སྤྱི་ཁྱབ་ཟུར་པ་སྐུ་ཞབས་ཊོམ་ཊིའེ(Tom tait)ལགས་ཀྱིས་སྣེ་འཁྲིད་པའི་ཁུལ་དེའི་ཚོང་པ་ཆེ་ཁག་བཅུ་ཙམ་ནས་༸གོང་ས་རྒྱལ་བ་རིན་པོ་མཆོག་ལ་མཇལ་ཁ་ཞུས་སྐབས། མི་སྒེར་པ་རེ་རེས་བྱམས་བརྩེ་གོང་འཕེལ་བཏང་ནས་སེམས་ལ་འགྱུར་བ་གཏོང་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་དེང་རབས་ཀྱི་རྡུལ་ཕྲ་རབས་ཀྱི་སྐོར་སོགས་ལ་བཀའ་སློབ་ལམ་སྟོན་བསྩལ་གནང་ཡོད་འདུག

སྐུ་ཞབས་ཊོམ་ཊིའེ་ལགས་འདས་ལོའི་ཕྱི་ཟླ་ ༢ པའི་ནང་བཞུགས་སྒར་དུ་ཕེབས་ཏེ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། དེ་སྔོན་ཁོང་ཨ་ན་ཧེམ་གྲོང་ཁྱེར་གྱི་སྤྱི་ཁྱབ་གནང་སྐབས་མང་ཚོགས་ཁྲོད་སྙིང་རྗེ་གོང་འཕེལ་དང་འབྲེལ་བའི་ལས་གཞི་མང་དག་ཅིག་སྤེལ་ཏེ་གྲོང་ཁྱེར་དེ་ city of kindness ཞེས་སྙིང་རྗེ་ལྡན་པའི་གྲོང་ཁྱེར་ཞིག་ཏུ་བསྐྲུན་རྒྱུའི་ལས་གཞི་སྤེལ་སྐབས། གྲོང་ཁྱེར་དེར་ཚོགས་པའི་རྒྱལ་སྤྱིའི་བྱམས་བརྩེའི་ལྷན་ཚོགས་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཚོགས་མགོན་དུ་གདན་འདྲེན་ཞུས་པ་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༧/༣༡

Leave a Reply

One thought on “རྨ་ལྷོ་སོག་རྫོང་གཞིས་བྱེས་གཉིས་ནས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་ཕུལ།

  1. གུ་རུ་བསོད་ནམས།

    གསར་འགོད་པ་ལགས། འོག་གི་བཟོ་བཅོས་བརྒྱབ་ན་མ་གཏོགས་ང་ངོ་ཚ་ནས་འབར་ཐལ།
    སྐབས་དེར་གོང་ས་མཆོག་ནས་སྟོན་པའི་དམ་ཆོས་ཉམས་དམས་ཏེ།། ལོང་དུ་རྟོགས་པའི་སྟོང་ཉིད་དོ།། བདེན་འཛིན་བྱས་པ་མ་ཤེས་པ།། སྒྲུབ་པ་བྱས་པ་ཁོ་ན་ཡིན།།
    སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།
    ལུང་དང་རྟོགས་པའི་བདག་ཉིད་དོ།།
    དེ་འཛིན་བྱེད་པ་སྨྲ་བྱེད་པ།།
    སྒྲུབ་པར་བྱེད་པ་ཁོ་ནའོ།།