༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་ཚེས་ཉིན་བོད་ཕྱི་ནང་གཉིས་སུ་སྦྱིན་པ་གཏོང་བ་དང་ནང་ཆོས་ངོ་སྤྲོད་སོགས་བྱས་ནས་སྲུང་གཙི་ཞུ་བཞིན་འདུགདེ་རིང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དགུང་གྲངས་ ༧༨ དུ་ཕེབས་པའི་འཁྲུངས་ཚེས་དང་བསྟུན། ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ལྷན་རྒྱས་བཅས་ཐུན་མོང་ནས། ༧གོང་ས་རྒྱལ་བ་རིན་ཆེན་པོ་ཆེ་མཆོག་གི་སྐུའི་དགུང་ཀེག་གི་མཚན་མ་ཅི་མཆིས་ཞི་བ་དང་། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་ཡུན་དུ་བརྟན་པ། གཞིས་ལུས་བོད་མི་མནར་གཅོད་མྱོང་བཞིན་པ་ཚོ་སྡུག་བསྔལ་ལས་གྲོལ་ཆེད་དུ། དྷ་སའི་ཉེ་འཁོར་གྱི་སྨན་ཁང་ཁག་ ༦ གི་ནང་རིན་མེད་སྨན་སྦྱིན་དང་། སྨན་ཁང་དུ་ཉལ་ཡོད་པའི་ནད་པར་ཟས་རིགས་དང་ལག་དངུལ་ཧིན་སྒོར་ ༥༠༠། དེ་བཞིན་བྱམས་པ་གླིང་རྒས་གསོ་ཁང་ནང་ཉིན་གཅིག་རིང་གི་བཞེས་ལག་དང་། རྩམ་པ་དང་མར་ཕྱུར། ཀ་ར་སོགས་ཟས་རིགས་དང་། རྒན་རྒོན་རེ་རེར་ལག་དངུལ་ཧིན་སྒོར་ ༥༠༠ རེ་གནང་འདུག
དྷ་སའི་ཉེ་འཁོར་བོད་ཀྱི་སྨན་རྩིས་ཁང་དབུས་ས་གཉིས་དང་། བདེ་ལེགས་སྨན་ཁང་དབུས་དང་ཡན་ལག ཕན་བདེ་གཅེས་སྐྱོང་ཁང་། ནོར་གླིང་ཁྱུ་གསར་སྨན་ཁང་བཅས་ཀྱི་ནང་རིན་མེད་ཀྱི་སྨན་སྦྱིན་གནང་གི་ཡོད་འདུག་ལ། འདི་གའི་གསར་འགོད་པ་བདེ་ལེགས་སྨན་ཁང་དང་བོད་ཀྱི་སྨན་རྩིས་ཁང་དུ་ཕྱིན་སྐབས། སྨན་པར་བསྟེན་གཏུག་བྱེད་མཁན་མང་པོ་བསླེབས་འདུག་ལ། དེ་རིང་ཞོགས་པ་ནས་སྨན་ཁང་རེ་ལ་ཀིརྟིའི་གྲྭ་པ་ ༢ རེ་ཡིས་སྨན་པ་དང་ནད་གཡོག་རྣམས་ལ་རོགས་རམ་བྱེད་ཀྱི་འདུག བདེ་ལེགས་སྨན་ཁང་གི་སྨན་ཞབས་མ་ཞིག་གིས། དེ་རིང་ནམ་རྒྱུན་ལས་སྨན་ཁང་ལ་སྟོན་མཁན་མང་བ་བསླེབས་འདུག་ལ། ལོ་རྒན་པ་མང་པོ་ཡོང་གི་འདུག ཅེས་བརྗོད་བྱུང་།འཁྲུངས་ཚེས་སྲུང་གཙི་དང་འབྲེལ་ནས་ཀིརྟིའི་དགེ་རྩ་ཚོགས་པའི་རྒྱུན་ལས་བློ་བཀྲ་ཚེ་རིང་ལགས་ཀྱིས་གསར་འགོད་པར། རིན་པོ་ཆེའི་འཁྲུངས་ཚེས་སྲུང་གཙི་རྒྱ་གར་ནང་ཙམ་མ་ཡིན་པར་བོད་ནང་དུའང་བྱེད་ཀྱི་ཡོད་པས། དགེ་ཕྱོགས་ཀྱི་བྱ་བ་མང་པོ་ཞིག་བྱེད་ཀྱི་འདུག་བསམ་ནས་ཕྱི་ལོ་ ༢༠༡༤ ལོར་གཙོ་པོ་ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་། དེ་བཞིན་ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ལྷན་རྒྱས་བཅས་ཐུན་མོང་ནས་སྲུང་གཙི་མགོ་འཛུགས་བྱས་པ་རེད། འཁྲུངས་ཚེས་ཉིན་བོད་ནང་དུ་འབྲེལ་ཡོད་ཚོས་སྲོག་བླུ་ཚེ་ཐར་གཏོང་བ་དང་། ག་ས་གང་གི་རྒས་འཁོགས་དང་ནད་པར་རོགས་རམ་སྨན་སྦྱིན། དགོན་པ་སོ་སོས་ནང་ཆོས་ངོ་སྤྲོད། ས་གནས་སོ་སོར་ཁ་མིག་ཡར་བལྟས་ཀྱི་སྐུལ་སློང་བྱེད་པ་སོགས་ཀྱི་སྒོ་ནས་སྲུང་གཙི་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།
འཁྲུངས་ཚེས་ཉིན་སྨན་སྦྱིན་གནང་བའི་དགོས་དམིགས་སྐོར་ལ་ཁོང་གིས། སྤྱིར་བཏང་ཉམ་ཐག་དང་སློབ་ཡོན། རྒས་འཁོགས་ལ་དུས་ངེས་མེད་ཀྱི་རོགས་སྐྱོར་དང་ལྟ་རྟོག་ནམ་རྒྱུན་ནས་བྱེད་མུས་རེད། རིན་པོ་ཆེའི་འཁྲུངས་ཚེས་དང་བསྟུན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རང་ལུགས་དགུང་གྲངས་ ༨༥ ཡི་དགུང་ཀེག་དངོས་གཞིར་ཕེབས་པའི་སྐུའི་དགུང་ཀེག་གི་མཚན་མ་ཅི་མཆིས་ཞི་བ་དང་། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་ཡུན་དུ་བརྟན་པ་དང༌། གཞིས་བཞུགས་སྤུན་ཟླ་མནར་གཅོད་མྱོང་བཞིན་པ་ཚོ་སྡུག་བསྔལ་ལས་གྲོལ་ཏེ་ཚེ་རིང་ནད་མེད་ཡོང་བ་བཅས་ཀྱི་རྒྱུ་རུ་འགྱུར་བའི་སྨོན་ལམ་དང་། དེང་སྐབས་ནད་རིགས་འདྲ་མིན་ཡོང་གི་ཡོད་སྟབས་སྨན་རྒྱུན་ཏུ་ཟ་མཁན་ཧ་ལས་པ་མང་པོ་ཡོད་པས། ཉིན་གཅིག་ལ་མ་གཏོགས་སྨན་སྦྱིན་བྱེད་མ་ཐུབ་ནའང་ཕན་ཐོགས་རྒྱ་ཆེན་པོ་ཞིག་ཡོང་གི་ཡོད་སྟབས། ཆོས་ལུགས་དང་མི་རིགས་སོགས་དབྱེར་མེད་ཀྱིས་སྨན་སྦྱིན་གཏོང་གི་ཡོད་པ་རེད། ཕན་བདེ་གཅེས་སྐྱོང་ཁང་ལྟ་བུར་མཚོན་ན། ནད་པ་བརྒྱ་ཆའི་ ༩༠ ཙམ་ཐག་རིང་ནས་ཡོང་པའི་རྒྱ་གར་བ་རེད། ཅེས་བརྗོད་བྱུང་།
བོད་ཕྱི་ནང་གཉིས་ཀྱི་བླ་སྤྲུལ་མང་པོས་དུས་རྒྱུན་ནས་ཉམ་ཐག་རྒས་གཅོང་དང་དྭ་ཕྲུག་བདག་མེད། ནད་པ་སོགས་ལ་རོགས་རམ་རྒྱ་ཆེན་པོ་གནང་བཞིན་ཡོད་པ་དང་། དེ་བཞིན་བླ་སྤྲུལ་སྐྱེས་ཆེན་རྣམ་པའི་འཁྲུངས་ཚེས་དང་བསྟུན་རྣམ་དཀར་དགེ་བའི་ལས་མང་དུ་གསོག་པའི་ལུགས་སྲོལ་བཟང་པོ་ཞིག་དར་བཞིན་ཡོད་པ་ལྟར། འདས་ལོའི་ཕྱི་ཟླ་ ༩ ཚེས ༡༠ ཉིན། ༧སྐྱབས་རྗེ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཡི་འཁྲུངས་སྐར་དང་སྟབས་བསྟུན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་དབུས་སྐྱེ་ཆེན་དམ་པ་རྣམས་ཀྱི་སྐུ་ཕྱྭའི་ཞབས་རིམ་དུ་དམིགས་ཏེ། དབུས་དཔལ་ས་སྐྱའི་སྨོན་ལམ་ཐེབས་རྩ་ཁང་གི་གོ་སྒྲིག་འོགལྡེ་ར་རྡུན་ཁུལ་གྱི་རཱ་ཇི་པུར་སྨན་རྩིས་ཁང་དང་བདེ་སྐྱིད་གླིང་སྨན་རྩིས་ཁང་། ས་སྐྱ་བཙུན་དགོན་སྒོ་བསྟེན་སྨན་ཁང་དང་ཀཱ་ལི་མན་གྲུ་སྨན་རྩིས་ཁང་། པོན་ཊ་སྨན་རྩིས་ཁང་བཅས་སྨན་ཁང་ཁག་ནང་རྒྱ་གར་ཡུལ་མི་དང་བཅས་པར་རིན་མེད་སྨན་སྦྱིན་དང་།པུ་རུ་ཝཱ་ལ་དང་ཧར་པུར་གཞིས་ཆགས། དམག་གི་རྒས་གསོ་ཁང་དང་མཱན་གྲུ་ཝཱ་ལ་སོགས་སུའང་སྨན་སྦྱིན་གནང་ཡོད་པ་རེད།
གསར་འགོད་པ། ཀླུ་མགོན་ཐར།
༄།དོན་དང་ལྡན་པའི་འཁྲུངས་སྐར་ཞིག་སྲུང་བརྩི་གནང་འདུག་ཡིད་རངས་ཞུ།།