ཁྲི་ཚང་རྫོང་ཁོངས་སུ་རང་བྱུང་གནོད་སྐྱོན་བྱུང་།

བོད་རྔ་བ་ཁུལ་ཁྲི་ཚང་རྫོང་ཁོངས་སུ་ཆུ་ལོག་བྱུང་བ་དང་ས་རྡོ་ཉིལ་ཏེ་མྱུར་སྐྱོབ་རུ་ཁག་གི་རུ་དཔོན་བོད་མི་ཀུན་སྐྱོང་ཞེས་པ་ཞིག་རྐྱེན་འདས་དང་མི་ཁག་ཅིག་ལ་རྨས་སྐྱོན་ཕོག་ཡོད་འདུག
དེ་རིང་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། མདང་དགོང་རྔ་བ་ཁུལ་ཁྲི་ཚང་རྫོང་(汶川县)ཁོངས་ཀྱི་ཡུལ་ཚོ་བརྒྱད་ནང་ཆུ་ལོག་བྱུང་བ་དང་ས་རྡོ་ཉིལ་ཏེ། བོད་མི་མྱུར་སྐྱོབ་པ་ཞིག་རྐྱེན་འདས་དང་མི་བཞི་ལ་རྨས་སྐྱོན། དེ་བཞིན་མི་གཉིས་གསུམ་ཞིག་གར་ཡོད་ཅི་བྱུང་མེད་པར་གྱུར་བ་དང་། སྡོད་ཁང་ཁག་ཅིག་ལ་རྡིབ་སྐྱོན་བྱུང་ཡོད་འདུག

མདང་དགོང་གནོད་སྐྱོན་བྱུང་བའི་གནས་ཚུལ་ཐོན་རྗེས། ཁྲི་ཚང་རྫོང་ཁོངས་ཀྱི་མྱུར་སྐྱོབ་རུ་ཁག་གི་ལས་བྱེད་ ༧ རླངས་འཁོར་ཞིག་གི་ནང་བསྡད་དེ་གནོད་ཐེབས་ས་ཁུལ་དུ་བསྐྱོད་སྐབས། ལམ་བར་ནས་ཆུ་ལོག་དང་ས་རྡོ་ཉུལ་ཏེ། མྱུར་སྐྱོབ་རུ་ཁག་གི་མགོ་འཁྲིད་ཀུན་སྐྱོང་(更斯窮)ཞེས་པ་ཞིག་རྐྱེན་འདས་སུ་ཕྱིན་དང་། མི་བཞི་ལ་རྨས་སྐྱོན་ཕོག་ཡོད་པ་དང་། འདས་གྲོངས་སུ་ཕྱིན་པའི་བོད་མི་དེ་རང་ལོ་ ༣༣ ཙམ་དང་། ཕ་ཡུལ་བོད་འཛམ་ཐང་རྫོང་ནས་ཡིན་འདུགགཞན་ཡང་།  ཁྲི་ཚང་རྫོང་གི་ཡུལ་ཚོ་ཁག་གི་སྡོད་ཁང་མང་པོར་གནོད་སྐྱོན་ཐེབས་པ་དང་ཉེན་ཁའི་གནས་སུ་གྱར་ཡོད་པ་དང་། ཡུལ་ཚོ་བདུན་གྱི་ནང་གློག་ཆད་ཡོད་འདུག དེ་བཞིན་རྒྱལ་ལམ་ཨང་ ༢༡༣ དང་ ༣༡༧། ༣༥༠ ཟེར་བ་སོགས་ལ་གཏོར་སྐྱོན་མང་པོ་ཐེབས་ཡོད་པ་བརྟེན། ད་ལྟའི་ཆར་ཉེ་ཁུལ་གྱི་རྫོང་ཁག་ནང་འགྲོ་འོང་མི་ཐུབ་པར་གྱུར་ཡོད་འདུག་ལ། རྒྱ་གཞུང་གིས་ཛ་དྲག་ངང་གནོད་ཐེབས་རོགས་སྐྱོབ་ཆེད་རྒྱ་སྒོར་ཁྲི་ ༢༠༠ བཏང་ཡོད་ལུགས་དང་།  བཀྲ་ཤིས་གླིང་རྫོང་དང་མའོ་རྫོང་སོགས་ནས་མྱུར་སྐྱོབ་མི་སྣ་ ༢༠༠ ལྷག་བཏང་ཡོད་སྐོར་བསྒྲགས་འདུག

ཉིན་གྲངས་མང་པོར་བསྟུད་མར་ཆར་བ་བབ་བཞིན་ཡོད་པའི་རྐྱེན་གྱིས། སི་ཁྲོན་གྱི་ཁྲིན་ཏུའུ་གྲོང་ཁྱེར་དང་མེན་ཡཱང་གྲོང་ཁྱེར། མེན་ཀྲུའུ་གྲོང་ཁྱེར་ཞེས་པ་སོགས་གྲོང་ཁྱེར་དང་རྫོང་ཁག་ཅིག་ནང་ཆུ་ལོག་དང་ས་རྡོ་ཉིལ་བའི་གནོད་སྐྱོན་ཡོང་གི་ཡོད་འདུག སྤྱིར་ས་ཁུལ་དེ་དག་ནི་རི་ཁུག་ལུང་ཁུག་ཏུ་ཡོད་སྟབས། ས་ཡོམ་དང་ཆུ་ལོག རི་ཉིལ་སོགས་ཀྱི་དོན་རྐྱེན་མང་པོ་བྱུང་གི་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་ཁྲི་ཚང་རྫོང་ཁུལ་དུ་ས་ཡོམ་ཚད་རིམ་ ༧.༩ ཅན་ཞིག་བྱུང་སྟེ་མི་གྲངས་ ༨༧༠༠༠ རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

རྒྱ་ནག་ནང་ལོ་རེ་བཞིན་གནམ་གཤིས་དོ་མི་མཉམ་པ་དང་ཁོར་ཡུག་གཏོར་སྐྱོན་བྱེད་ཤུགས་ཆེ་བ། མཁའ་དབུག་འབག་བཙོག་སོགས་ཀྱིས་འབྱུང་ཁམས་ཀྱི་གནས་བབ་དོ་མི་མཉམ་པར་གྱུར་ཏེ་དྲག་ཆར་འབབ་པ་དང་རླུང་འཚུབ་གཡུག་པ། ཆུ་ལོག་རྒྱུག་པ། ས་ཡོམ་དང་ས་ཉུལ་རི་ཉུལ་གྱི་དོན་རྐྱེན་མང་པོ་བྱུང་གི་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོར་དྲག་ཆར་རྐྱེན་གྱིས་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ ༢༩ ནང་འབྲི་ཆུའི་ཆུ་ལོག་གི་གནོད་སྐྱོན་ཆེན་པོ་བྱུང་སྟེ། ཉུང་མཐར་མི་གྲངས་ ༤༡༥༠ ཡི་ཚེ་སྲོག་ཤོར་ཡོད་པ་དང་། དཔལ་འབྱོར་ཐད་རྒྱ་སྒོར་དུང་ཕྱུར་ ༢༥༥༡ གི་གྱོང་གུན་ཕོག་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༨/༢༠

Leave a Reply