གཟུགས་པོ་བདེ་ཐག་ཆོད་ཡོད་པས་བློ་བདེ་བོ་བྱོས་ཞེས་གསུངས།

ཁ་སང་ཕྱི་ཚེས་ ༡༩ ཉིན་ཨ་རིའི་མི་ནི་སོ་ཌ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པས་མ་ན་ལི་རུ་༧གོང་ས་མཆོག་ལ་དམིགས་བསལ་མཇལ་བཅར་ཞུས་སྐབས། རྒྱལ་བ་རིན་པོ་ཆེ་མཆོག་ནས་ཚང་མའི་བློ་བདེ་བོ་བྱོས་དང་། ཁོང་གི་སྐུ་གཟུགས་གནས་སྟངས་ཡག་ཐག་ཆོད་ཡོད་སྐོར་གསུངས་འདུག

མཇལ་བཅར་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་ཚོ་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། ང་ཚོ་སྔོན་མ་ནས་ངོ་ཤེས་པ་རེད། ཁྱེད་རང་ཚོའི་ཡི་གེ་དེ་འདིར་འབྱོར་ཏེ་ངག་ཐོག་ནས་ཀྱང་འགྲེལ་བཤད་བརྒྱབས་སོང་། གང་ལྟར་ཁྱེད་རང་ཚོས་ངའི་འཕྲོད་བསྟེན་གྱི་ཐོག་ལ་དམིགས་བསལ་གྱི་དོ་སྣང་བྱས་པ་དེར་ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན། ངོས་རང་ཨ་མེ་རི་ཁར་ཡོད་པའི་མཱ་ཡོ་སྨན་ཁང་ལ་སྔོན་མ་ནས་འཆར་ཅན་འགྲོ་ཡི་ཡོད་པ་རེད། ཡིན་ན་ཡང་། བར་སྐབས་ནས་ཡུ་རོབ་དང་ཨ་མེ་རི་ཁར་འགྲོ་རྒྱུ་དང་། ལྷག་པར་དུ་ཨ་མེ་རི་ཁར་འགྲོ་རྒྱུ་དེ་ཐག་རིང་པོ་ཞེ་པོ་ཞིག་ཆགས་རྗེས། ཕ་གིར་འགྲོ་རྒྱུར་ཅུང་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དེར་བརྟེན་ནམ་རྒྱུན་འཆར་ཅན་བྱས་ཏེ་རྒྱ་གར་གཞུང་གི་ལྡི་ལིའི་སྨན་ཁང་དེས་དོ་སྣང་དམིགས་བསལ་བྱེད་ཀྱི་འདུག རྒྱུ་མཚན་གཅིག་དེ་ཡང་ཏོག་ཙམ་ཛ་དྲག་ལྟ་བུ་ན་བ་ཡིན་ན་ས་ཨ་མེ་རི་ཁ་བར་དུ་འགྲོ་རྒྱུ་ཁག་པོ་རེད། དེར་བརྟེན་ལྡི་ལི་སྟབས་བདེ་པོ་ཡོད་རེད། ཡང་དགོས་གལ་བྱུང་ན་སྔོན་མ་ནས་ངོ་ཤེས་ཡིན་པའི་མཱ་ཡོ་ཡི་སྨན་པ་འགའ་ཤས་གདན་འདྲེན་ཞུ་ཐུབ་ཀྱི་རེད། འགྲོ་སོང་ཡང་འདི་ནས་གཏོང་ཐུབ་ཀྱི་རེད། འདི་འདྲ་བྱས་ན། ཁྱེད་རང་ཚོས་ཀྱང་ཞལ་འདེབས་འདྲ་སྤྲད་ན། གང་ལྟར་ངོས་རང་ད་ལྟ་ལོ་ ༨༤ བསླེབས་བསྡད་ཀྱི་ཡོད་རེད། ༧དགེ་འདུན་གྲུབ་པའི་དགུང་ལོའི་ཚད་ཅིག་ཟིན་ཚར་བ་རེད།  ཡིན་ནའང་གཟུགས་པོ་བདེ་ཐག་ཆོད་ཡོད། ཤེས་སོང་ངམ། ཞེས་གསུངས་འདུག

ཡང་གཟིམ་ལམ་དང་ཕྱག་མོ་གཟིགས་དུས་དགུང་ལོ་ ༡༡༡ ལ་ཕལ་ཆེར་བཞུགས་ཐུབ་པའི་རྟགས་མཚན་བཟང་པོ་ཡོད་སྐོར་གསུངས་ཡོད་པ་དང་སྦྲགས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས། ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་སྡོད་ཨཱ། ང་ཡང་ཚེ་རིང་པོ་སྡོད་རྒྱུ་དེ་ང་རང་སྒེར་གྱི་ཐོག་ནས་ཚེ་རིང་པོ་བྱུང་ན་བསམ་པ་གཅིག་པུ་མིན། བོད་རྒྱ་ཆེ་མི་མང་གིས་ང་ལ་བློ་གཏད་ནས་སྡོད་ཀྱི་ཡོད་རེད། ལོ་གཅིག་ང་རང་རྒྱ་གར་ཤར་ལ་འགྲོ་དུས། གནམ་གྲུ་དེ་ཞེ་པོ་ཞིག་གཡུགས་སོང་། གནམ་གྲུ་གཡུག་པའི་ཁ་ཐུག་དེར་ང་མི་གཅིག་རེད་ཁྱད་ཡོད་པ་མ་རེད་དེ། བོད་མི་ས་ཡ་ ༦ གིས་ང་ལ་བློ་གཏད་ནས་སྡོད་ཀྱི་ཡོད་པ་རེད། དེ་དག་གང་དྲག་བསམ་པ་ཞིག་དྲན་སོང་། ཤེས་སོང་ངམ། དེར་བརྟེན། བོད་རྒྱ་ཆེ་མི་མང་གིས་ང་ནམ་ཡང་བརྗེད་ཀྱི་ཡོད་པ་མ་རེད་ལ། ངའི་ངོས་ནས་ཡིན་ན་ཡང་ནམ་ཡང་བརྗེད་ཀྱི་མ་རེད། ཁྱེད་རང་ཚོ་བོད་མི་ས་ཁུལ་གང་དུ་ཡོད་ནའང་ཚང་མས་བོད་གངས་ཅན་པ་ཡིན་བསམ་པའི་ལ་རྒྱ་དང་། ཞེན་ཁོག དད་པ། དམ་ཚིག་གཡོ་བ་མེད་པ་བྱས་ཏེ་སྡོད་ཀྱི་ཡོད་པ་རེད། ཁྱེད་རང་ཚོ་མི་ནི་སོ་ཌར་ཡོད་མཁན་ཚོས་ཀྱང་བསམ་པ་རྣམ་དག་དང་ཧུར་ཐག་བྱེད་ཀྱི་ཡོད་པ་རེད། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱས་ནས་སྡོད་ཨཱ། ཤེས་སོང་ངམ། དེ་རིང་ཁྱེད་ཚོ་ཆེད་མངགས་འདིར་ཡོང་ནས་ཕ་གི་སྨན་ཁང་དེར་ཡོང་ཐུབ་ན་ཞེས་རེ་འདུན་བྱས་པ་རེད།ང་ཞེ་དྲག་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན། ཞེས་དང་། ཨ་རིའི་མཱ་ཡོ་སྨན་ཁང་དུ་ཕེབས་སྐབས་ཀྱི་བཞུགས་གནས་སྦྱིན་བདག་དང་ཉེ་འཁྲིས་ཀྱི་ཨ་ནེ་དགོན་པ། དེ་བཞིན་མི་ནི་སོ་ཌར་ཡོད་པའི་མང་ཚོགས་ཚང་མར་འཚམས་འདྲི་དང་སྦྲགས། ཁོང་སྐུ་གཟུགས་བདེ་ཐང་ངང་བཞུགས་ཡོད་པས་སེམས་ཁྲལ་ཞུ་མི་དགོས་སྐོར་གསུངས་འདུག

མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་མ་ན་ལིའི་བཀའ་ཆོས་ལེགས་པར་གྲུབ་ཡོད་པ་དང་། མི་རིང་བར་ལྡི་ལི་བརྒྱུད་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༨/༢༠

Leave a Reply