བོད་ཀྱི་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།

ཆབ་མདོ་ངག་ཕུན།

གཅེས་པར་འོས་པའི་ཕ་ཡུལ་དགྲ་ལག་ཏུ་ཤོར་ནས་མི་ལོ་ཧྲིལ་པོ་དྲུག་ཅུ་འཁོར་ཞིང་། མི་ལོ་དེ་དག་གི་རིང་ལ་གཞིས་བྱེས་གཉིས་སུ་གྱེས་ནས་ཁྲག་དང་མིག་ཆུའི་འོག་ཏུ་འཚོ་བ་རོལ་དགོས་ཐུག་ཡོད། དེང་སྐབས་རྒྱ་དམར་གྱི་འགོ་ཁྲིད་ཚོས་བོད་ནང་ལ་བདེ་སྐྱིད་འོད་སྟོང་འབར་བའི་འཕེལ་རྒྱས་བཏང་ཡོད་རབས་ཀྱི་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བསྒྲགས་རྫུན་མ་སྣ་ཚོགས་ཤིག་སྒྲོག་བཞིན་ཡོད་ཅིང་། བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་མ་ཤེས་པ་ཞིག་ཡིན་ཚེ་ཡིད་ཆེས་བྱེད་སྲིད་པ་ཞིག་རེད།

བོད་ནང་ལ་རླངས་འཁོར་དང་མེ་འཁོར་འགྲོ་སའི་གཞུང་ལམ་སོགས་འཛུགས་སྐྲུན་གྱིས་འགྲིམས་འགྲུལ་སྟབས་བདེ་རུ་ཕྱིན་པ་དང་། བོད་ཀྱི་གྲོང་ཁྱེར་ཆེ་ཁག་ལ་ཁང་ཆེན་མང་པོ་ཞིག་འཛུགས་སྐྲུན་བྱས་ཡོད་པ་དེ་དག་ནི་དངོས་ཡོད་རེད། འོན་ཀྱང་བོད་ལ་གཞུང་ལམ་དང་། ལྕགས་ལམ་དེ་དག་ནི་རྒྱ་ནག་གི་ཁེ་ཕན་ཁོ་ནའི་ཆེད་དུ་བསྐྲུན་པ་ཞིག་ལས་བོད་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་སྐྲུན་པ་ཞིག་མིན། མ་ཟད་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་སེམས་ནང་ལ་ཞི་བདེ་བག་ཕེབས་ཤིག་གཏན་ནས་མེད། ག་དུས་ཡིན་ན་དངངས་སྐྲག་ཁོ་ནའི་འོག་ཏུ་སྡོད་དགོས་ཐུག་གི་ཡོད་ལ། རྒྱ་དམར་གྱིས་བོད་མི་རིགས་ཀྱི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ལ་དད་པ་ཙམ་ཡང་བྱེད་མི་ཆོག་པའི་བཙན་གནོན་གཏོང་གི་ཡོད་ལ། ཆོས་དད་རང་དབང་བཙན་འཕྲོག་བྱེད་བཞིན་ཡོད། དེ་འདྲའི་དཀའ་སྡུག་འོག་ཏུ་འཚོ་བ་སྐྱེལ་དགོས་ཐུག་གི་ཡོད།

ལྷག་པར་གོང་ཞུས་ལྟར་བོད་ནས་གཏེར་ཁ་བསྔོག་འདོན་དང་ཤིང་ནགས་གཅོད་འབྲེག་གིས་རྒྱ་ནག་ལ་དབོར་འདྲེན། བོད་ཀྱི་གྲོང་ཁྱེར་ཆེ་ཁག་ནང་ལ་ཁང་ཆེན་འཛུགས་སྐྲུན་བྱས་བ་དེ་དག་ནི་བོད་རྒྱ་ཆེ་མི་མང་གི་ཆེད་དུ་མ་ཡིན་པར་རྒྱ་མིའི་ལས་དོན་བྱེད་མཁན་གྱི་ཆེད་དུ་བསྐྲུན་པ་ཞིག་ཡིན་པ་ཞིབ་འཇུག་མཐིལ་ཕྱིན་གནང་བ་ཡིན་ན་གསལ་པོ་རྟོགས་ཐུབ་པ་ཞིག་རེད། མ་ཟད་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་སྟེ་བོད་ཀྱི་གདོད་མའི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད། བོད་ཀྱི་གདོན་མའི་ཐང་ཤིང་བཅད་དེ་རྒྱ་ནག་ལ་འབོར་འདྲེན་བྱེད་ཀྱི་ཡོད་ཅིང་། དེ་ཡང་ལོ་རབས་སུམ་ཅུ་ཡར་སྔོན་གྱི་གནས་ཚུལ་ཞིག་བཤད་ན། ང་དང་རོགས་པ་འགའ་ཤས་མཉམ་དུ་རྫ་རྒྱུད་ལ་ཤིང་ཆ་རླངས་འཁོར་ནང་བླུག་ཏུ་སོང་ཞིང་། དེ་ཡང་རྫ་ཆུ་གཞུང་ནས་ཡར་ཙམ་སོང་བ་ཡིན་ན། དེར་ཤིང་ནགས་གཅོད་འབྲེག་བྱེད་མཁན་གྱི་བཟོ་གྲྭ་ཞིག་རྐང་བཙུགས་ནས་ཡོད་པ་དང་། དེ་ནས་ལོ་ལྟར་ཐང་ཤིང་མང་པོ་ཞིག་གཅོད་འབྲེག་གིས་པང་ལེབ་བཟོས་ཏེ་དེ་དག་རྒྱ་ནག་ལ་རླངས་འཁོར་ནང་ལ་འབོར་འདྲེན་བྱེད་ཀྱི་ཡོད། ལོ་ཞིག་བཟོ་གྲྭ་དེས་ལུང་པའི་ཕུ་ལ་ཐང་ཤིང་བཅད་པ་དེ་དག་རླངས་འཁོར་ནང་ལ་བླུགས་མཁན་ལས་མི་གླ་ཀྱི་ཡོད་པ་ཐོས་རྗེས་རྒྱུས་ཡོད་གཅིག་དང་འབྲེལ་བ་བྱས་ཏེ་ལས་ཀ་རག་པ་དང་སྟོན་གཞུང་ལ་རོགས་པ་མཉམ་དུ་གནས་དེར་སོང་བ་ཡིན།

ལུང་པའི་ཕུ་ལ་ཡར་འགྲོ་དགོས་ཀྱི་འདུག་ཅིང་། ལམ་ཁ་ཡང་རླངས་འཁོར་ཐར་ཙམ་ལས་མི་འདུག སྐབས་རེ་རླངས་འཁོར་འདམ་ནང་ཟུག་ནས་ཡུན་རིང་འགོར་གྱི་འདུག་ལ། སྐབས་རེ་ཉིན་གཅིག་ལ་རླངས་འཁོར་བཅུ་ཙམ་ཡོང་གི་འདུག་པ་དང་། སྐབས་རེ་གནམ་གཤིས་ཡག་པོ་མེད་ན་རླངས་འཁོར་ཡོང་ཐུབ་ཀྱི་མི་འདུག་ཅིང་། དེ་འདྲའི་ངང་ནས་ལས་གྲོགས་ཚོ་དང་མཉམ་དུ་ཟླ་བ་གཉིས་མ་ཟིན་ཙམ་གནས་དེར་ལས་གླ་བྱས་ནས་བསྡད། གནས་དེར་ཤིང་སྤུས་དག་ཅིང་དེ་ལས་ཀྱང་ཤིང་ནགས་སྟུག་པོ་ཡོད་རབས་ལུང་པ་དེས་རྒན་རབས་ཚོས་བརྗོད་ཀྱི་འདུག འོན་ཀྱང་ང་ཚོ་གནས་དེར་ཡོད་དུས་ཐང་ཤིང་བཅད་ཟིན་ནས་རི་བོ་རྩེ་མོར་ཤིང་ནགས་ཏོག་ཙམ་བཞག་པ་ལས་གཞན་ཚང་མ་སྟོན་ཐོག་བརྔས་པ་ནང་བཞིན་བཟོས་ཟིན་འདུག་ཅིང་། རྒྱང་རིང་ནས་བལྟས་པ་ཡིན་ན་རི་ངོས་ལ་ལུག་མང་པོ་འདུག་སྙམ་པའི་དེ་འདྲའི་ཤིང་ནགས་གཅོད་འབྲེག་བྱས་ཡོད་པ་རེད། དེ་དང་དེ་འདྲ་བའི་བོད་ཁུལ་ཡོངས་རྫོགས་ཀྱི་གནས་སྟངས་གཅིག་མཚུངས་ཡིན། བོད་ཡུལ་འདི་ཉིད་རྒྱ་གཞུང་གིས་དེ་འདྲའི་གནས་སྟངས་ཐབས་སྡུག་བཟོས་ཡོད། ནང་བཅུད་ཀྱི་སེམས་ཅན་ལ་སྡུག་སྦྱོང་ཚད་མེད་བཏང་བ་དང་། ཕྱི་སྣོད་ཀྱི་རང་བྱུང་མཛེས་སྡུག་ལྡན་པའི་ཁོར་ཡུག་དེ་དག་གཏོར་བཤིག་ཚད་བརྒལ་བཏང་བ་དེ་དག་བརྗེད་ནས་ད་དུང་ངོ་ཚ་མེད་པས་བོད་ལ་ཡར་རྒྱས་བཏང་ཡོད་རབས་ཁ་ཕོ་སྒྲོག་བཞིན་ཡོད།

  ལྷག་པར་ཞོགས་པ་སྔ་པོ་དགོན་པར་གླིང་སྐོར་ལ་འགྲོ་དུས། ཁྲ་རྒོད་ལ་བརྒྱུད་ནས་རྒྱ་ནག་ལ་ཤིང་ཆས་དབོར་འདྲེན་བྱེད་མཁན་རླངས་འཁོར་ཐལ་བ་འཚུབ་སེ་བཅུ་ནས་ཉི་ཤུ་དེ་འདྲ་བང་བསྒྲིགས་ནས་འགྲོ་བ་མཐོང་རྒྱུ་ཡོད། དེ་འདྲའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་བཏང་ཡོད་པ་རེད། རབ་བྱུང་ཁོར་ཡུག་ལ་གནོད་སྐྱོན་བཏང་བའི་དབང་གིས་ལོ་ལྟར་བོད་ལ་ཆུ་ལོག་གི་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་ཅིང་། དེ་བཞིན་བོད་ལ་ཆུ་མཛོད་ཆེན་པོ་མང་པོ་བརྒྱབས་དང་རྒྱག་བཞིན་ཡོད། དེས་ས་གཞི་ལ་གནོད་སྐྱོན་ཆེན་པོ་ཞིག་བཟོ་བཞིན་ཡོད་ཅིང་། བོད་ཀྱི་རང་བྱུང་ཁོར་ཡུག་ལ་མི་སྤྱོད་ལས་འདས་པའི་ལས་དོན་བྱེད་ཀྱི་ཡོད་པའི་དབང་གིས་ན་ནིང་ས་རུད་བརྒྱབས་ནས་སྡེ་དགེའི་འབྲི་ཆུ་འགག་ནས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད། བོད་ལ་ལོ་རེ་བཞིན་ཚ་དྲོད་ཆེ་རུ་གྱུར་ནས་བོད་ཀྱི་སྲིད་པའི་འཁྱག་རོམ་རྣམས་ཀྱང་ཞུ་འགྲོ་ཡི་ཡོད། དེ་དག་འབྱུང་རྩ་ངོ་མ་རྒྱ་དམར་སྲིད་གཞུང་གིས་བོད་ཀྱི་རང་བྱུང་གི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་བཟོས་པར་བརྟེན་ནས་བྱུང་བ་ཞིག་ཡིན་པ་རེད།

གནའ་དུས་ཡིན་ན་མི་ཚོས་ས་རྐོ་རྡོ་སྔོག་བྱས་པ་ཡིན་ན་འབྱུང་བ་འཁྲུག་ནས་ལུང་པ་གནས་བཟོད་མི་བདེ་བ་ཡོང་རབས་ཞེས་བཤད་དེ་ཧ་ཅང་འཛེམ་སྲོལ་ཡོད་པ་ཙམ་མ་ཚད། ས་རྐོ་རྡོ་སྔོག་ལ་འཛེམ་གང་ཐུབ་བྱེད་པའི་གོམས་སྲོལ་བཟང་པོ་ཞིག་ཡོད། ངས་དེ་དག་བཤད་དུས་དེང་རབས་བསམ་བློ་ཅན་ཚོས་སྐད་ཆ་དེ་དག་ནི་ཀླད་པ་རྙིང་པས་བཤད་སྟངས་ཤིག་རེད་ཅེས་བསམ་བློ་འཁོར་སྲིད་མོད། བཤད་སྟངས་དེ་དག་གིས་བོད་མི་ཚོས་རང་བྱུང་ཁོར་ཡུག་ལ་གཅེས་སྐྱོང་ག་ཚོད་བྱེད་ཀྱི་ཡོད་པ་རྟོགས་ཐུབ་པ་ཞིག་རེད། ལྷག་པར་གནའ་མིའི་ངག་རྒྱུན་ལས། ཡོན་ཏན་ཅན་གྱི་མི་མ་གསོད།འབྲས་བུ་ཅན་གྱི་ཤིང་མ་གཅོད། ཅེས་སྐད་ཆ་དེ་དག་ནི་དངོས་གནས་རིན་ཐང་ཅན་ཞིག་རེད་འདུག་སྙམ།

དེང་རབས་ཀྱི་ན་གཞོན་ཤེས་ཡོན་ཅན་འགའ་ཤས་ཀྱིས། ག་དུས་ཡིན་ན་ཡང་བོད་ནང་ལ་རྒྱ་དམར་གྱིས་བཙན་འཛུལ་བྱས་རབས་རྐྱང་བཤད་ཀྱི་འདུག་ཟེར་མོད། དེ་དག་ནི་བཤད་དགོས་པ་དང་། ན་གཞོན་ཚོས་ཤེས་དགོས་པ་གལ་ཆེན་པོ་རེད། ང་ཚོ་བཙན་བྱོལ་ལ་ཡོང་དགོས་དོན་ནི་ཁ་ལག་ཟ་རྒྱུ་མེད་པ་དང་། ལུས་ལ་གྱོན་རྒྱུ་མེད་ནས་བཙན་བྱོལ་ནང་ལ་ཡོང་བ་ཞིག་མ་རེད། ང་ཚོ་ལུང་པར་རྒྱལ་ཁབ་གཞན་ཞིག་གིས་དྲག་པོས་བཙན་འཛུལ་བྱས་ནས་ང་ཚོ་བཙན་བྱོལ་ལ་ཡོང་དགོས་བྱུང་བ་ཞིག་རེད། དེར་བརྟེན་ལོ་རྒྱུས་དེ་དག་ཤེས་པའི་ཐོག་ནས་འཛམ་གླིང་མི་དམངས་ཀྱི་མདུན་དུ་ང་ཚོས་བསྒྲགས་དགོས་པ་ཞིག་ལས་ཁ་བཙུམ་ནས་སྡོད་ཐབས་གཏན་ནས་མེད་པ་རེད།

ད་ནི་དེ་རིང་ཞུ་འདོད་པ་ནི། འཛམ་གླིང་གི་ཆབ་སྲིད་ཧ་ཅང་འཁྲུག་ཆ་དོད་ཅིང་། རྒྱལ་ཁབ་སོ་སོའི་ཁེ་ཕན་ཁོ་ན་གཙོ་གནད་ལས་རྒྱལ་ཁབ་གཞན་གྱི་དབང་འོག་ལ་ཡོད་པ་མི་དམངས་ཀྱི་དཀའ་སྡུག་ལ་དེ་ཙམ་ཞིག་དོ་སྣང་བྱེད་མཁན་དཀོན་ཙམ་ཡོད་པ་ཞིག་ཏུ་མཐོང་། འདི་འདྲའི་གནས་སྟངས་ཤིག་གི་འོག་ནས་བོད་ཀྱི་རང་དབང་གི་བདེན་དོན་འཐབ་རྩོད་འདི་ཡང་འཛམ་གླིང་རྒྱལ་ཁབ་སོ་སོའི་ཁེ་ཕན་གཙོ་བོ་ལས་བོད་ཀྱི་དཀའ་སྡུག་གི་གནས་སྟངས་ལ་དེ་ཙམ་ཞིག་དོ་སྣང་དང་། ཤ་ཚ་བྱེད་མཁན་དཀོན་སེ་མཐོང་། གཅིག་བྱས་ན་ངའི་མཐོང་སྣང་ནོར་ཡོད་སྲིད།

ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་གཉིས་ཕན་གྱི་ཆེད་དུ་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་ཀྱི་ཐབས་ཤེས་རིམ་པ་བྱས་ཡོད་ཀྱང་། རྒྱ་ཕྱོགས་ནས་དེ་ལས་ལྡོག་སྟེ་བོད་མི་རིགས་ལ་དྲག་གནོན་ཆེ་རུ་བཏང་དང་གཏོང་བཞིན་ཡོད་པ་རེད། བོད་མི་རིགས་ཀྱི་སྲོག་ལས་གཅེས་པའི་ཆོས་དང་རིག་གཞུང་མེད་པར་བཟོ་རྒྱུའི་ལས་དོན་ལག་བསྟར་བྱེད་བཞིན་ཡོད་པས། དེ་དག་སྐོར་ལ་གཞིས་བཞུགས་ཤེས་ཡོན་ཅན་ཚོས་བསམ་ཚུལ་བཤད་པ་ཙམ་གྱིས་རྒྱ་དམར་གྱིས་བཙོན་ཁང་ལ་བཅུག་ཡོད། བོད་ནང་གི་ཤེས་ཡོན་ཅན་དང་བོད་དོན་ཐོག་ཏུ་སེམས་ཤུགས་ཡོད་མཁན་རྣམས་ལ་ཉེས་མིང་སྣ་ཚོགས་གཡོགས་ཏེ། བཙོན་འཇུག་ཁྲིམས་ཐག་བཅད་ནས་བསམ་ཡུལ་ལས་འདས་པའི་ཉེས་རྡུང་གཏོང་གི་ཡོད། དེའི་དབང་གིས་རྒྱའི་བཙོན་ཁང་ནང་ལ་ཉེས་རྡུང་དྲག་པོ་བཏང་དབང་གིས་བོད་མི་བསམ་ཡོད་ཅན་དེ་དག་རྗེས་ཕྱོགས་བཙོན་གྲོལ་ཐོབ་རྗེས་གཟུགས་ལུས་ནད་གཅོང་དང་སེམས་ཁམས་མ་སྐྱིད་པའི་དབང་གིས་འདས་གྲོངས་སུ་འགྱུར་གྱི་ཡོད།

   གཞིས་བཞུགས་བོད་མི་རྣམས་ཀྱིས་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་དེ་དག་མཐོང་དུས་སེམས་ཀྱིས་མ་བཟོད་ནས་གཅེས་པའི་ལུས་སྲོག་བློས་བཏང་གིས་སྐུ་སྲོག་མཆོད་མེར་སྒྲོན་གྱི་ཡོད། ད་དུང་རྒྱ་གཞུང་གིས་གནས་སྟངས་དེ་དག་གོ་ཐོག་ལ་བདེན་འཚོལ་བྱ་རྒྱུའི་ཚབ་ཏུ་དེ་ལས་ལྡོག་སྟེ་སྐུ་ལུས་མཆོད་མེ་སྒྲོན་མཁན་དེ་དག་ནང་མིའི་དཀའ་ངལ་ཡིན་རབས་དང་། རིགས་འཚོ་མ་ཟིན་པ་ཡིན་རབས་སོགས་རྫུན་གཏམ་སྣ་ཚོགས་བཤད་པ་དང་། དེ་བཞིན་ནང་མི་དེ་དག་ལ་ཉེས་མིང་སྣ་ཚོགས་ཤིག་བཙུགས་ནས་སུན་བཙེར་ཡང་ཡང་བཟོ་བཞིན་ཡོད་པ་དེ་རེད། བོད་ནང་ལ་མི་སྤྱོད་ལས་འདས་པའི་དམ་དྲག་བྱེད་ཀྱི་ཡོད། བོད་ནང་ལ་གནང་སྟངས་དེ་འདྲའི་ཐབས་སྡུག་པོ་ཞིག་ཏུ་གྱུར་ཡོད་ཀྱང་འཛམ་གླིང་གི་རང་དབང་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཚོས་ད་དུང་རྒྱ་གཞུང་ལ་བསྟུན་གང་ཐུབ་བྱེད་པ་ལས་རྒྱ་གཞུང་ལ་གནོད་ཤུགས་ནུས་པ་ལྡན་པ་སྤྲད་ཀྱི་མེད།

ལྷག་པར་རྒྱ་གཞུང་གིས་བོད་ནང་ལ་ཆོས་དད་རང་དབང་ཡོད་ཚུལ་འུར་སྒྲོག་བྱེད་བཞིན་ཡོད་ཀྱང་དོན་དུ་བོད་ནང་ལ་ཆོས་དད་ཀྱི་རང་དབང་གཏན་ནས་མེད། རྒྱ་གཞུང་གིས་བཤད་པ་ལྟར་བོད་ནང་ལ་ཆོས་དད་རང་དབང་ཡོད་ན་པཎ་ཆེན་རིན་པོ་ཆེ་མཆོག་དང་། དེ་བཞིན་གྲྭ་བཙུན་དུ་མ་ཞིག་༸རྒྱལ་བ་རིན་པོ་ཆེ་ལ་དད་པ་བྱེད་ཀྱི་ཡོད་ལུགས་སོགས་ཀྱི་ཉེས་མིང་འོག་ཏུ་བཙོན་ཁང་ལ་བཅུག་དགོས་དོན་གང་ལ་ཐུག་པ་རེད།

 ད་དུང་དེས་མ་ཚད་པའི་ཆོས་མེད་སྨྲ་བ་རིང་ལུགས་ཀྱི་ངོ་ཚ་ཁྲེལ་གཞུང་མེད་པའི་ཐོག་ནས་བོད་ཀྱི་སྤྲུལ་སྐུ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྲུང་དབྱངས་ཀྱི་ལས་འགན་ཡིན་ཟེར། བཤད་སྟངས་དེ་དག་ནི་དེ་འདྲའི་དགོད་དྲོ་བ་ཞིག་མ་རེད་དམ། ནང་ཆོས་ཀྱི་འགྲོ་ལུགས་དྲི་ཙམ་མེད་ཅིང་། ཚེ་འདི་ཕྱི་ཁས་མི་ལེན་མཁན་གྱི་སྲིད་གཞུང་ཞིག་གིས་བོད་ཀྱི་སྤྲུལ་སྐུ་ཡང་སྲིད་ངོས་འཛིན་བྱེད་དགོས་ཟེར་ན་སྨྱོ་གཏམ་ཞིག་མ་རེད་དམ།

  བོད་ཀྱི་སྤྲུལ་སྐུ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་པ་ལས་ཆབ་སྲིད་ཀྱི་ལག་ཆ་ཞིག་གཏན་ནས་མིན། བོད་ཀྱི་སྤྲུལ་སྐུ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཆོས་མེད་རིང་ལུགས་ལ་ཐོབ་ཐང་གཏན་ནས་མེད་པ་འཛམ་གླིང་གི་མི་རྣམས་ཀྱིས་ངེས་པར་མཁྱེན་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད།

ད་ནི་ང་ཚོ་ནང་ཁུལ་ལ་ང་ཁྱོད་ཅེས་པའི་ཕན་མེད་ཀྱི་ནང་རྩོད་བྱེད་པའི་དུས་ཚོད་ཅིག་གཏན་ནས་མིན་ལ། དེ་ནི་ང་ཚོ་ཚང་མས་བློ་སེམས་ཆིག་སྒྲིལ་གྱི་ཐོག་ནས་དགྲ་བོ་རྒྱ་དམར་ལ་གདོང་ལེན་བྱེད་དགོས་པའི་དུས་ཚོད་གལ་ཆེན་ཞིག་ཡིན། ལྷག་པར་ང་ཚོའི་ངོས་ནས་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་ཡོད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་རྩོད་ཀྱི་ཡོད་མོད། ད་ནི་རང་སྐྱོང་གནས་བབ་ནི་བརྟན་པོ་མེད་པ་ཞིག་ཏུ་མཐོང་ལ། གང་ལྟར་མ་འོངས་པར་བོད་མི་ཚོར་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་ཡོད་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཅིག་བྱུང་བ་ཡིན་ན། རྒྱ་ནག་གཞུང་གིས་གང་འདྲ་བྱེད་འོང་བསམ་པའི་རྨོངས་འཆར་ཞིག་བློ་ངོས་སུ་འཆར་ཞིང་། གཅིག་བྱས་ན་རང་ཉིད་ཤེས་ཚད་སྐྱོ་བས་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་རང་ཡིན་ཀྱང་སྲིད། གང་ལྟར་ང་ཚོ་ཚང་མས་བསམ་གཞིག་ནན་མོ་ཞིག་བསྐྱར་དུ་གཏོང་དགོས་པའི་དུས་ཚོད་ཅིག་ཤར་མི་འདུག་གམ་སྙམ།

བསྐྱར་བཅོས།: ༢༠༡༩/༠༨/༣༠

Leave a Reply

5 thoughts on “བོད་ཀྱི་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།

  1. གཞུང་པ་ཚེ་དབང་བསོད་ནམས་

    གཏམ་བརྗོད་རང་དབང་རྒྱལ་སྤྱིའི་ཁྲིམས་ཀྱིས་བསྟན།
    ཚད་བཀག་བྱེད་པ་གུང་ཁྲན་དམར་པོའི་ལུགས།
    རང་དབང་མང་གཙོའི་སྤྱི་ཚོགས་ཆེན་པོའི་ནང།
    རང་རང་བསམ་ཚུལ་གླེང་སའི་རྒྱུད་ལམ་མང།

  2. གཞུང་པ་ཚེ་དབང་བསོད་ནམས།
    མདང་དགོང་ཨ་རག་འཐུང་ནི་མིན་ན་བརྗོད་གཞིའི་སྐབས་བབས་འབྲེལ་མེད་ཅིག་འདིར་མིག་ཡ་གཅིག་ལས་མེད་ན་མ་གཏོགས་ཡིག་སྙོག་དགོས་མེད་འདིར་མ་རོགས།

  3. གཞུང་པ་ཚེ་དབང་བསོད་ནམས་

    རང་བཙན་དང་རང་དབང་རང་ཡུལ་སོགས།
    རང་མི་རིགས་འཚོ་བའི་མར་རྩ་རེད།
    རང་ཡུལ་དང་རང་མི་རང་དོན་ལ།
    རང་སོ་སོའི་འགན་འཁུར་བླངས་ན་དགའ།

  4. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་མིའི་བོད་ནང་བསམ་ཡུལ་ལས་འདས་པའི་བྱ་སྤྱོད་སྤེལ་བཞིན་པ་དང་བཙན་བྱོལ་སྤྱི་
    ཚོགས་ནང་མཐོ་རིམ་མི་སྣ་ཚོ་སྒྲུབ་དགོས་པའི་བོད་དོན་བདེན་མཐའ་སེལ་ཐབས་ལ་འགན་
    འཁུར་་མེད་པར་མི་དགོས་པའི་རང་གི་སྐུབ་ཀྱག་གི་ཆེད་འཐབ་རྩོད་ལ་མགོ་འཁོར་ནས་ཁ་
    མཆུ་ཨང་༢༠་གིས་འཁོར་ལོ་སྐོར་ནས་གོང་ས་མཆོག་དང་རྒྱ་ཆེ་མི་མང་བློ་ཕམ་ནང་བཞག་
    ནས་དགྲ་དགའ་གཉེན་སྡུག་གིས་བྱ་སྤྱོད་འདིའི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ལེའུ་གསར་
    པ་ཞིག་གསར་གཏོད་གནང་བ་མ་རེད་དམ།