བོད་ནས་གཏུམ་འབྲུག་གི་རྗེས་ཤུལ་རྙེད་ཡོད་ལུགས་བསྒྲགས།

བོད་ཆབ་མདོ་ས་ཁུལ་ནས་ལོ་ངོ་ས་ཡ་ ༡༤༥ སྔོན་གྱི་གདོད་མིའི་སྲོག་ཆགས་གཏུམ་འབྲུག་གི་རྗེས་ཤུལ་རྙེད་ཡོད་སྐོར་བརྗོད་དེ་གནའ་རྫས་རིག་པ་བ་ཚོས་ཞིབ་འཇུག་བྱེད་བཞིན་ཡོད་འདུགདེ་རིང་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་ས་ཁམས་ཚན་རིག་གཙུག་ལག་སློབ་གྲྭའི་(Dinosaur)གཏུམ་འབྲུག་ཆེད་མཁས་པ་ཞའོ་ལའེ་དྷ་ (Xing Lida)ཟེར་བ་ཞིག་དང་། རྒྱ་ནག་ཚན་རིག་སློབ་གླིང་ (Chinese Academy of Sciences)གི་ཉམས་ཞིབ་པ་འགས། བོད་ཆབ་མདོ་ས་ཁུལ་གྱི་བྲག་ངོས་ཤིག་ནས་རྐང་པའི་རྗེས་ཤུལ་ཆེན་པོ་ཞིག་རྙེད་ཡོད་པ་དང་། ཁོ་ཚོས་དེ་ནི་གདོད་མིའི་སྲོག་ཆགས་རྨིགས་པའི་རིགས་སུ་གཏོགས་པའི་གཏུམ་འབྲུག་གི་རྗེས་ཤུལ་ཡིན་སྐོར་བརྗོད་དེ་ཞིབ་འཇུག་བྱེད་བཞིན་ཡོད་འདུག

ཞིབ་འཇུག་པ་ཞའོ་ལའེ་དྷ་ཟེར་བ་ཞིག་གིས། ཐེངས་འདིའི་རྗེས་ཤུལ་དེས་བོད་ནང་གཏུམ་འབྲུག་གི་ཁྱབ་ཚད་དང་བོད་ཁམས་ཀྱི་གཏུམ་འབྲུག་གི་གནའ་བོའི་ཁོར་ཡུག་ཞིབ་འཇུག་ལ་ཕན་ཐོགས་རྒྱ་ཆེན་ཡོད་པ་དང་། རྗེས་ཤུལ་དེ་དག་ལོ་ངོ་ས་ཡ་ ༡༤༥ སྔོན་དུ་བྱུང་བའི་གདོད་མིའི་སྲོག་ཆགས་རྨིགས་པའི་ (Brontosaurus) རིགས་སུ་གཏོགས་པའི་གཏུམ་འབྲུག་ཅིག་ཡིན་ངེས་པ་དང་། རྐང་རྗེས་ཆེན་པོ་དེའི་འགྲམ་དུ་སེར་ཁ་ཤོར་ཡོད་པ་དང་རླབས་རིས་ལྟ་བུ་ཡོད་པ་དེས་སྐབས་དེའི་ཆབ་མདོའི་ས་ཁམས་མ་འདྲ་བ་ཞིག་དང་། དེ་ནི་གཏུམ་འབྲུག་གིས་མཚེའུ་དང་མཚོ་གང་རུང་ཞིག་གི་འགྲམ་དུ་རྐང་རྗེས་བཞག་པ་ཞིག་ཡིན་པ་སོགས་ཤེ་བརྗོད་འདུག

རྒྱ་ནག་གི་ཉིན་རེའི་ཚན་རིག་དང་འཕྲུལ་རིག་གསར་ཁང་གི་གནས་ཚུལ་ནང་། ཕྱི་ལོ་ ༡༩༩༩ ལོར་ཆབ་མདོའི་ལམ་བཟོ་བ་འགས་བྲག་རོང་ཞིག་ཏུ་གཏུམ་འབྲུག་གི་རྐང་རྗེས་ཆེན་པོ་ཆ་བརྒྱད་ཙམ་རྙེད་ཡོད་པ་དང་། ཆེ་ཤོས་ཀྱི་རིང་ཚད་དུ་རྨི་ཊར་ ༡།༧ ཡོད་པ་དང་། ཡུལ་མི་ཚོས་རྐང་རྗེས་དེ་དག་ལྷའི་རྗེས་ཤུལ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། རྗེས་ཤུལ་དེ་དག་ལ་རྐང་རྗེས་ཆེན་པོ་འབོད་ཀྱི་ཡོད་པ་དང་། རྐང་རྗེས་ཆེན་པོ་ནི་བོད་ནང་གཏུམ་འབྲུག་གི་རྐང་རྗེས་རྙེད་པ་ཐོག་མ་དེ་ཡིན་སྐོར་བཀོད་འདུག

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་རྒྱ་ནག་མི་དམངས་དྲ་བས། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་། སྟེང་ལུང་ཡུལ་ཚོའི་སྤང་སྤང་གྲོང་ཚོའི་བྲག་ངོས་ཤིག་ནས་ལྷ་སྐུ་ལྔ་ཞིག་རྙེད་ཡོད་པ་དང་། དེ་ནི་བཙན་པོའི་དུས་སྐབས་ཀྱི་དུས་མཇུག་སྟེ། དུས་རབས་ ༩ པ་ཡས་མས་ཀྱི་བྲག་བརྐོས་ཤིག་ཡིན་པ་མ་ཟད། ས་གནས་དེ་ནས་ཐོག་མར་རྙེད་པའི་བཙན་པོའི་དུས་སྐབས་ཀྱི་རྗེས་ཤུལ་ཞིག་ཀྱང་ཡིན་སྐོར་བརྗོད་འདུགཡང་ཡུལ་དེའི་ཡུལ་མི་ཚོས་ལྷ་སྐུ་དེ་དག་ནི་འུན་ཤིང་ཀོང་ཇོ་བོད་དུ་ཕེབས་སྐབས་ཡུལ་དེར་བཞག་པའི་རྗེས་ཤུལ་ཞིག་ཡིན་སྐོར་བཤད་སྲོལ་ཡོད་འདུག་ལ།  བྲག་བརྐོས་ཀྱི་སྐུ་འདྲའི་ནང་མཐོང་དཀོན་པའི་རྒྱབ་སྟོན་སྐུ་འདྲ་ཞིག་ཡོད་ཅིང་། དེ་ནི་དབུ་སྐྲ་རིང་ཞིང་སྟོད་ཀོར་གསུམ་འོག་དབུ་སྐྲ་བསྡམས་ཡོད་པ་དང་། ཆོས་གོས་དམར་པོ་མནབས་ཡོད་འདུག ཁ་ཤས་ཀྱིས་དེ་ནི་སློབ་དཔོན་པདྨ་འབྱུང་གནས་ཡིན་པའི་བཤད་སྲོལ་ཡོད་པ་དང་། ཡང་ཁ་ཤས་ཀྱིས་འུན་ཤིང་ཀོང་ཇོ་ཕ་ཡུལ་དང་བྲལ་རྗེས་ཕ་ཡུལ་ལ་ཕྱིར་མིག་ལྟ་བའི་རྣམ་པ་ཡིན་པས། སྐུ་འདྲ་རྒྱབ་སྟོན་བྱས་ཡོད་སྐོར་ཀྱི་བཤད་སྲོལ་ཀྱང་ཡོད་འདུག
རྒྱ་ནག་བོད་བརྒྱུད་ནང་བསྟན་རིག་དངོས་ཞིབ་འཇུག་ཁང་གི་མགོ་ཁྲིད་ལའོ་ཝུན་ཧྭ་ཟེར་བ་ཞིག་གིས། སྤང་སྤང་གྲོང་ཚོའི་བྲག་བརྐོས་ཀྱི་སྐུ་འདྲ་ནི་ཆབ་མདོ་དང་ཡུལ་ཤུལ། རྫ་ཆུ་ཁ་ནས་རྙེད་པའི་བཙན་པོའི་དུས་སྐབས་ཀྱི་བྲག་བརྐོས་སྐུ་འདྲ་ཡི་བཟོ་ལྟ་དང་ཧ་ཅང་འདྲ་ཞིང་། དེ་ནི་ལྷ་སྐུ་ལྔ་ཡིས་གྲུབ་ཡོད་པ་དང་ཁོ་ཚོས་གསར་རྙེད་བྱུང་བ་དེ་དག་ལ་གཞིགས་ནས་སྔོན་མར་ཐང་བོད་གནའ་ལམ་གྱི་ཡན་ལག་ལམ་ཐིག་ཅིག་དཔལ་ཡུལ་བརྒྱུད་ནས་ཡོང་པར་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། ད་དུང་མུ་མཐུད་ཞིབ་འཇུག་བྱ་དགོས་པ་དང་ཐེངས་འདིའི་གསར་རྙེད་ཀྱིས་བོད་བཙན་པོའི་དུས་སྐབས་ཀྱི་བྲག་བརྐོས་ཀྱི་ཁྱབ་ཚུལ་ལ་བསམ་བློ་ཡང་བསྐྱར་གཏོང་དུ་བཅུག་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བོད་ཁུལ་ཡོངས་སུ་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་དངོས་དང་སྐྱེས་དངོས་མང་པོ་ཞིག་ཕྱིར་བསྒྲགས་བྱེད་བཞིན་ཡོད་སྟབས། དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བཟོ་བྱེད་ཐབས་ཀྱི་གཡོ་བྱུས་ཤིག་ཡིན་པའི་དོགས་པ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ལོ་མང་སྔོན་ནས་བཟུང་བོད་ཡུལ་ས་ཆ་གང་སར་ས་དཔྱད་རིག་པ་བ་མང་པོ་ཆེད་གཏོང་བྱས་ཏེ་གཏེར་ཁ་དང་གནའ་རྫས་རིགས་སྔོག་འདོན་གྱི་ལས་གཞི་སྤེལ་ཡོད་པ་དང་། ལྷག་པར་དུ་ཧྲན་ཞི་ཞིང་ཆེན་བོད་སྐྱོར་གནའ་རྫས་རྟོག་ཞིབ་སྡེ་ཚན་ཟེར་པ་ཞིག་བོད་ཁུལ་དུ་ཆེད་མངགས་བྱས་ཏེ་གནའ་རྫས་རྟོག་ཞིབ་བྱེད་དུ་འཇུག་གི་ཡོད་པ་དང་། བོད་སྐྱོར་གྱི་མིང་བཏགས་པའི་གནའ་རྫས་རྟོག་ཞིབ་ཚན་པ་དེས་ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ཏུ་གནའ་རྫས་རིགས་འདྲ་མིན་འཚོལ་སྡུད་བྱས་ཏེ། རྒྱ་ནག་གཞུང་གི་བདག་བཟུང་བྱས་པའི་གནའ་རྫས་མཛད་ཁང་ཁག་ཏུ་དབོར་འདྲེན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༨/༢༧

Leave a Reply

One thought on “བོད་ནས་གཏུམ་འབྲུག་གི་རྗེས་ཤུལ་རྙེད་ཡོད་ལུགས་བསྒྲགས།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་རོ་བྱེད་དགོས་པའི་བོད་ནང་འགྲོ་བ་མིའི་ཐོབ་ཐང་
    སྐོར་ལ་གང་ཡང་བྱེད་ཀྱིས་མ་རེད་ལ་བྱེད་མི་དགོས་
    པའི་ས་སྟོང་རི་སྟོང་རང་སར་མ་བཞག་པར་གནས་
    ཚུལ་བདེན་ལ་མི་བདེན་དང་མཐོ་ཙམ་དམའ་ཙམ་
    མང་ཙམ་བཤད་ནས་བོད་མི་ཚོ་མགོ་སྐོར་ཐུབ་ན་
    ལས་འཛམ་གླིང་མི་མང་ནམ་ཡང་མགོ་སྐོར་མི་
    ཐུབ།